ཟླ་གསུམ་པའི་ཁེར་གཞས།

རྩོམ་པ་པོ།   མཛངས་འཛུམ། དུས་ཚོད།   2020-05-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ས་སྲོད་སྐར་མའི་ཁྱུ་ལ།།

སྨྲེང་བའི་མགུར་ཆུང་བླངས་ཡོད།།

རླུང་གི་གཤོག་པ་ནག་པོས།།

དྲན་པ་དྲུད་ནས་ཤོར་སོང་།།

སེམས་ཀྱི་རྐུན་པོ་གང་ཉིད།།

གློ་མཆིན་རྩིབ་མ་ཡིན་ཤག།

སྣང་བའི་རྩ་ཕྲན་སྒུལ་བ།།

སྐྱུར་ལ་མངར་བའི་ཆང་རེད།།

ཁངས་རྡུལ་བྱེ་མའི་ངོས་སུ།།

ལས་ཀྱི་ཁ་ཡིག་ལྗང་སྐྱ།།

བསྐྱར་བྲིས་ལན་མང་བྱས་པ།།

ང་ཡི་ཉེས་དམིགས་ཡིན་འགྲོ།།

བར་ཐག་མི་རིང་མི་ཐུང་།།

གནམ་ས་གཉིས་ཀྱི་མཚམས་རེད།།

རི་ཀླུང་གཙང་བོའི་སོ་སྲུང་།།

བཙན་པ་དེས་ཀྱང་མ་ཁོག།

སྤྲིན་པ་ཡར་འགྲོ་ཞིག་དང་།།

ཆུ་མོ་མར་ཡོང་གཉིས་ལ།།

སེམས་འཕྲིན་གསང་བ་བཀླགས་ན།།

རེ་འདུན་སྐོང་རོགས་ཨེ་མཛད།།

ཉིན་ཞག་བརྩེགས་པའི་ལོ་ཟླ།།

དུས་ཚོད་སྤུངས་པའི་ཚེ་སྲོག།

སྐྱོར་མཁན་ཡིད་ཀྱི་ལྷ་ལ།།

དད་མོས་བྲག་ལ་རི་མོ།།

རེ་སྒུག་སྐྱོ་གར་ཁུར་བའི།།

འཚོ་བ་ཕྱི་དཀར་ནང་ནག།

ཚེ་ཡི་སྐྱོ་བ་ཟེད་རོགས།།

ཞེ་རྩར་ལྷུང་བའི་སྒྲུང་ཡིན།།

ཡིད་ཀྱི་སྒོམ་ཁང་ནང་ལ།།

གངས་ཀྱི་རྨི་ལམ་རུམ་པ།།

རྒུད་པ་ཆང་ལ་བཅོལ་བའི།།

འདས་པའི་སྡིག་སྒྲིབ་ཡིན་སྲིད།།

སྟོན་གཞུང་སྡོང་ལོའི་ཟིལ་ཆུ།།

ཁ་བའི་མདངས་སུ་སིམ་པ།།

ཉི་འོད་སྤང་ལ་ཞེན་པའི།།

མཛའ་བརྩེའི་རྩིབ་རུས་ཙམ་མོ།།

སྲིད་པའི་གངས་རྒྱབ་འཁྱག་པར།།

ཞོགས་པའི་འཐོར་རླུང་ལྡང་དུས།།

སྤྲིན་སྨུག་ཡོལ་བའི་ཕག་གི།།

ཉི་མའི་འོད་དེ་འཆར་ཤོག།

རང་སེམས་ཡུལ་མཐའི་ལུང་ཀྱོག།

གཙང་འགྲམ་རྡོ་ལ་དར་ཆགས།།

གྲང་ངར་དགུན་གྱི་ལྷགས་རླུང་།།

ཚོར་བའི་ཕྱི་ནང་གཉིས་སོ།།

ཡིག་ཆུང་གསེབ་ཀྱི་འཁོར་བ།།

སྡུག་པ་ཡིད་ཀྱི་མཆོད་ཀོང་།།

འདང་བརྩེའི་མུ་གེ་ཐེབས་མཁན།།

དྲན་པའི་མེ་ལ་ལྕེབས་འགྲོ།།

མ་བཅོས་གཤིས་ཀྱི་རང་མདངས།།

མངོན་ལྐོག་མེད་པའི་མེ་ལོང་།།

སྐྱེ་བ་དུ་མའི་ལན་ཆགས།།

ཁེར་རྐྱང་གཞས་འདིས་འཇལ་ལོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།