དཔྱིད་ཀྱི་དཔལ་མོ་དྲན་པ།

རྩོམ་པ་པོ།   དོན་གྲུབ་ཚེ་རིང་།དུས་ཚོད།   2020-05-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཤིང་ལོའི་རྣ་ཆ་མཛེས་པའི་རྒྱན་ཆ་དང་།།

མེ་ཏོག་དམར་སེར་སྐེ་ཡི་ཕྲ་རྒྱན་སོགས།།

བཅུ་དྲུག་ལང་ཚོ་རབ་ཏུ་རྫོགས་པ་ཡི།།

དཔྱིད་གཞོན་བུ་མོ་ཁྱོད་ཉིད་རབ་ཏུ་དྲན།།

ཤང་ཤང་མགྲིན་གྱི་རྒྱུད་མངས་འབྲུག་མགོ་མ།།

ཀྱ་ཀྱུ་ལུས་ཀྱི་གར་སྟབས་རབ་རྫོགས་ཀྱི།།

མོ་གཞོན་རུམ་ཁར་འཇབ་པའི་སྣང་ཚུལ་འདི།།

མ་གོ་ཡུན་རིང་ལུས་པའི་གོམ་སྒྲ་ཡིན།།

འཇོལ་མོའི་གྲེ་འགྱུར་ངག་གི་དབྱངས་རྟ་ཡིས།།

ལྷོ་མོན་ཁུ་ལོ་རྒྱང་ནས་ཐེངས་གསུམ་ངུས།།

རྒྱ་ལྕང་ལོ་མའི་མགོ་ལྕོག་ལྡེམ་ལྡེམ་གྱིས།།

རྒྱང་རིང་ཁྲུང་ཁྲུང་མི་སྡོད་ལམ་ལ་ཆས།།

ཁྲ་ཆིལ་མེ་ཏོག་ལྷུག་པོར་གྲོལ་བ་ན།།

ཆགས་ལྡན་གཡུ་སྦྲང་ཚོགས་ནི་ཡང་ཡང་འཁོར།།

ལུག་ཁྱུ་རྩྭ་ཁར་རྒྱུག་པའི་གོམ་འགྲོས་ལ།།

མི་སྡོད་སྤྲིན་པ་དཀར་པོ་ཡང་ཡང་ལྡིང་།།

ཁངས་ཆར་སམ་སིམ་འབབ་པའི་སྣང་ཚུལ་ལ།།

སྨུག་སྤྲིན་རི་ལ་རྒྱུ་བའི་སེམས་ངལ་མང་།།

མེ་ཏོག་དྲི་ངད་འཐུལ་བའི་རྩྭ་ཐང་འདི།།

དཔྱིད་གཞོན་བུ་མོ་ཁྱོད་ཀྱི་གོས་གདན་ལགས།།

འཛུམ་གྱི་མེ་ཏོག་སྤང་ནས་བཞད་པ་ཡིས།།

ཕྲ་ཆུང་མིག་གཉིས་དགའ་བའི་རྐང་བྲོ་འཁྲབ།།

ལྗང་མྱུག་གསར་བའི་སྐྱེས་སྟོབས་མཚར་བོ་དེས།།

ཡིད་སེམས་གང་ལ་སྤོབས་པའི་མདངས་ཤིག་བསྐྱིལ།།

དཔྱིད་ཀྱི་རྣམ་པ་སེམས་ལ་ཆགས་པ་དང་།།

དོན་གྱིས་བསམ་ན་དུས་ཚིགས་འཁོར་ལོ་འདི།།

དྲན་པའི་འཆར་སྒོ་ཐང་མར་བརྡལ་བ་ཡི།།

དཔྱིད་གཞོན་ཁྱོད་ཉིད་སྙུག་ཁར་ལྷུང་ངམ་སྐྱིད།།

སེམས་ཀྱི་དྲན་པ་རླུང་ལ་བསྐུར་བ་ཡི།།

རྩ་བ་གཅིག་ལ་ཡིད་རྟེན་མེད་ན་ཡང་།།

དྲན་དྲན་བྲིས་ནས་བྲིན་བཟང་མེད་ན་ཡང་།།

དཔྱིད་ཀྱི་དཔལ་མོ་དྲན་པའི་མིག་ཆུ་ཡིན།།


རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།