གསོ་རིག་འཁྲབ་སྦྱོང་ལའང་རིགས་མཐུན་རོགས་སྐྱོར་གྱི་ནུས་པ་ཕུད་ཡོད།

རྩོམ་པ་པོ།   འོད་གསལ་མཚོས་བསྒྱུར། དུས་ཚོད།   2020-05-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          མའོ་རྫོང་མི་དམངས་སྨན་ཁང་ཡིན་ནམ། ང་ཚོའི་ཡུལ་འདིར་ས་འདམ་ཞུད་ནས་མི་རྨས་འདུག་ཅེས་ཟླ་5ཚེས་9ཉིན་གྱི་སྔ་དྲོའི་དུས་ཚོད་9དང་སྐར་མ་30ཐོག་མའོ་རྫོང་མི་དམངས་སྨན་ཁང་མྱུར་སྐྱོབ་ཚན་ཁག་ལ་ཁ་པར་འབྱོར་བ་ན། སྨན་པ་ཅིན་ལུང་ཏིང་དང་ནད་གཡོག་གཉིས་འཕྲལ་མར་མྱུར་སྐྱོབ་རླངས་འཁོར་ལ་བསྡད་ནས་དོན་རྐྱེན་འབྱུང་ཡུལ་དུ་རྒྱུགས།

         དུས་ཚོད་9དང་སྐར་མ་40ཐོག མྱུར་སྐྱོར་རླངས་འཁོར་120དོན་རྐྱེན་འབྱུང་ཡུལ་དུ་འབྱོར་བ་ན། རླངས་འཁོར་བསྡད་མ་ཐག་སྨན་པ་དང་ནད་གཡོག་རྣམས་རླངས་འཁོར་ལས་བབས་ཤིང་འདེགས་ཁྲི་ཁུར་ནས་རྨས་མའི་འགྲམ་དུ་ཐོན།

ཡུལ་དངོས་སུ་རྨས་མ་གཅིག་ལས་མི་ཚད་ཀི། སྨན་ཁང་ལ་མྱུར་བར་བརྡ་ཐོངས་ཞེས་སྨན་པ་ཅིན་ལུང་ཏིང་གིས་ནད་གཡོག་ལ་བཤད་ཞོར་རྨས་ལྗིད་པའི་སྐྱེས་པ་དེའི་འགྲམ་དུ་བསྡད་དེ། རྨ་ལས་སྟབས་བདེ་བྱས་རྗེས་ནད་གཡོག་གཉིས་དང་མཉམ་དུ་མྱུར་སྐྱོབ་རླངས་འཁོར་ལ་བུད་ནས་སྨན་ཁང་གི་ཕྱོགས་སུ་རྒྱུགས།

         མའོ་རྫོང་མི་དམངས་སྨན་ཁང་གི་ར་ནང་དུ། མྱུར་སྐྱོབ་ཚན་ཁང་གི་ཀྲུའུ་རེན་ཝང་ཡུན་ཅང་གིས་དུས་ཐོག་ཏུ་སྨན་བཅོས་ཚན་ཁང་གི་ཀྲུའུ་རེན་ཁྲེན་ཨན་ཏི་ལ་ཡར་ཞུ་བྱས་ཤིང་། སྨན་ཁང་གིས་རྨས་མང་མཁོ་བསྟུན་གྲ་སྒྲིག་བྱེད་བཞིན་འདུག་ལ། མྱུར་སྐྱོབ་ཀྱི་ལྗང་མདོག་བགྲོད་ལམ་ཕྱེས་ནས་ཚན་ཁག་སོ་སོའི་སྨན་བཅོས་མི་སྣ་སྨན་བཅོས་ཀྱི་ལས་ལ་ཞུགས་གྲབས་བྱེད།

          དེ་ནི་སྨན་བཅོས་མྱུར་སྐྱོབ་དངོས་མིན་ལ། མའོ་རྫོང་མི་དམངས་སྨན་ཁང་གིས་གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་མཁོ་བསྟུན་གྱི་གསོ་རིག་འཁྲབ་སྦྱོང་ཐེངས་ཤིག་ཡིན། འདས་པའི་ལོ་དུ་མར། ཆར་ཞོད་ཆེ་དུས་སུ་ས་གཤིས་གནོད་འཚེ་ཡིས་ཚེ་སྲོག་ལ་འཇིགས་སྐུལ་གཏོང་བའི་གནས་ཚུལ་ལ་དམིགས་ནས། མའོ་རྫོང་མི་དམངས་སྨན་ཁང་གིས་ལོ་རེ་བཞིན་དུ་ཐེངས་དུ་མར་འཁྲབ་སྦྱོང་དེ་འདྲ་བྱེད་སྲིད། ད་ལོར། འཁྲབ་སྦྱོང་འཆར་འགོད་ཀྱི་ཚོགས་པར་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་ཀྲུང་ནུབ་ཟུང་འབྲེལ་སྨན་ཁང་ནད་ལྗིད་ཚན་ཁག་གི་སྨན་པ་ཝང་ཧི་ཧའོ་ཇེ་མང་དུ་སོང་ཡོད་ལ། ཝང་ཧི་ཧའོ་ནི་ཐེངས་འདིའི་འཁྲབ་སྦྱོང་ནང་གི་མི་སྣ་གཙོ་བོ་ཡིན་ལ། འཁྲབ་སྦྱོང་ནང་དོན་གྱི་འཆར་འགོད་མཁན་དང་འཁྲབ་སྦྱོང་གི་དཔྱད་འདེམས་པའང་ཡིན། མའོ་རྫོང་མི་དམངས་སྨན་ཁང་མྱུར་སྐྱོབ་ཚན་ཁག་གི་ཀྲུའུ་རེན་ཝང་ཡུན་ཅང་གིས་ཁོ་རང་ང་ཚོའི་མྱུར་སྐྱོབ་ཚན་ཁག་ཏུ་ཐོན་པ་ནས་བཟུང་མྱུར་སྐྱོབ་ཀྱི་ལག་རྩལ་དང་མྱུར་སྐྱོབ་ཀྱི་བསམ་བློ། ཡུལ་དངོས་ཀྱི་མྱུར་སྐྱོབ་སོགས་མྱུར་སྐྱོབ་ཤེས་བྱ་མང་བོ་ཁྲིད་སྟོན་བྱས་པས། སྨན་བཅོས་ལག་རྩལ་ཇེ་བཟང་དུ་འགྲོ་བར་ཕན་ཐོགས་ཆེ་ཞེས་བཤད།

         རྒྱུས་ལོན་པ་ལྟར་ན། 2018ལོར་ཀྲེ་ཅང་ཞིང་ཆེན་ཝུན་ལིན་གྲོང་ཁྱེར་དང་ཡུས་ཧའེ་གྲོང་ཁྱེར་གྱིས་མའོ་རྫོང་ལ་རིགས་མཐུན་རོགས་སྐྱོར་བྱས་པ་ནས་བཟུང་། གྲོང་ཁྱེར་དེ་གཉིས་ཀྱི་སྨན་བཅོས་ལས་ཁུངས་ཀྱི་ཆེད་ལས་སྨན་པ་མངགས་ནས་སྨན་བཅོས་རོགས་སྐྱོར་བྱས་ཏེ། ཡོན་ཏན་པ་གསོ་སྦྱོང་གི་ལམ་སྲོལ་འཐུས་ཚང་དུ་བཏང་བར་མ་ཟད། ཁྱེར་མི་ཐུབ་པའི་རུ་ཁག་ཅིག་གསོ་སྐྱོང་བྱས་ཤིང་། ཁྱེར་མི་ཐུབ་པའི་ལག་རྩལ་ཤུལ་དུ་བཞག་ཡོད།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།