ཏང་དང་སྲིད་གཞུང་གི་དྲིན་མིན་ན་དེང་སང་གི་བདེ་སྐྱིད་འཚོ་བ་མེད།

མཛོད་དགེ་རྫོང་གི་རྨེ་ཆུ་ཡུལ་ཚོ་བོ་ཚང་སྡེ་བའི་ལྷ་མོ་སྐྱིད་ཀྱི་དབུལ་བྲལ་གཏམ་རྒྱུད།

རྩོམ་པ་པོ།   འོད་གསལ་མཚོ། དུས་ཚོད།   2020-05-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོ་བོ་ཚང་སྡེ་བའི་འབྲོག་མོ་ལྷ་མོ་སྐྱིད་ནི་སྣུམ་དང་ཀ་ར། སྟབས་བདེའི་ཐུག་པ་སོགས་ཚོང་རྫས་བཤམས་སྟོན་ལ་བྲེལ་བཞིན་འདུག གོ་ཆོད་པ། འཇོན་ཐང་ལྡན་པ། ཞིབ་ཆ་ཆེ་བ་བཅས་ནི་ལྷ་མོ་སྐྱིད་ཀྱི་རྒྱུད་ལ་རང་ཆས་སུ་མངའ་བའི་ཡོན་ཏན་ཞིག་ཡིན། འོན་ཀྱང་ལོ་ངོ་4ཡི་ཡར་སྔོན་དུ། མོ་ནི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཁྱིམ་ཞིག་དང་། འཚོ་བ་ཧ་ཅང་ཐབས་རྡུགས་ཤིག་ཡིན།

            2016ལོར། ལྷ་མོ་སྐྱིད་ཀྱི་ཁྱོ་ག་མགོན་པོ་སྐྱབས་མི་འདོད་ནད་ཀྱིས་བཟུང་ནས་ཚེ་ལས་འདས་ཤིང་། ཁྱིམ་ཚང་དབུལ་བའི་ཁར་ཁྱོ་གའང་ཚེ་ལས་འདས་པས་སྡུག་ཐོག་སྡུག་བཞག་ཅིག་མ་ཡིན་ནམ། ཁྱོ་ག་ཤི་བའི་སེམས་སྡུག་དང་དཔལ་འབྱོར་གྱི་གནོན་ཤུགས་ཆེ་བའི་དབང་གིས་བར་སྐབས་ཤིག་ལ་ལྷ་མོ་སྐྱིད་ནི་འཚོ་བ་ལ་ཡིད་ཆད་འདུག

            ཁྱོ་ག་ཡི་ནད་བཅོས་ཆེད། ལྷ་མོ་སྐྱིད་ཀྱིས་ཁྱིམ་ཚང་གི་སྒོ་ཟོག་ཚང་མ་བཙོང་ཚར། འབྲོག་པ་ཞིག་ལ་སྒོ་ཟོག་གིས་སྟོང་པ་ནི་ཞིང་བ་ཞིག་ལ་རྨོ་ཞིང་མེད་པ་དང་འདྲ། དེ་ལྟར་ཡོང་འབབ་ཀྱི་ཡོང་ཁུངས་ཅི་ཡང་མེད་པའི་ལྷ་མོ་སྐྱིད་ཅི་བྱ་གཏོལ་མེད་དུ་གྱུར་ཅིང་། ལས་ཞུགས་ཀྱི་གོ་སྐབས་ཀྱང་མ་རྙེད་པས་བུ་ཕྲུག་གཉིས་སློབ་གྲྭ་འགྲིམ་དཀའ་བར་གྱུར།

           འཇིག་རྟེན་འཁོར་བའི་གྲང་གཟེར་གྱི་ཀློང་ན་ལྷ་མོ་སྐྱིད་འདར་སིག་སིག་བྱེད་དུས། དབུལ་བྲལ་གནད་སྒྲོལ་གྱི་དཔྱིད་རླུང་དྲོད་ཁོལ་ལེར་ལྡང་བྱུང་། རྫོང་རིམ་གྲོང་སྡེའི་འགན་ལེན་འགོ་ཁྲིད་དང་འབྲེལ་གཏུག་ལས་ཁུངས། སྡེ་སྡོད་ལས་བྱེད་པ། ཡུལ་ཚོའི་སྲིད་གཞུང་བཅས་ཀྱིས་ལྷ་མོ་སྐྱིད་ཚང་གི་གནས་ཚུལ་ཧ་གོ་རྗེས། སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ། བཟང་བཞི་དང་གཅིག་ཅན་ལྔ་ཡི་ཉེ་སྒྲིག་དབུལ་སྐྱོར་བྱེད་སྟངས་ལ་བརྟེན་ནས། དབུལ་སྐྱོར་གྱི་ལས་ལ་འབད་པར་མ་ཟད། ལྷ་མོ་སྐྱིད་མ་མཐའི་འགན་སྲུང་གི་ནང་དུ་བཅུག་ཅིང་སྤྱི་ཕན་རང་བཞིན་གྱི་ལས་གནས་ཤིག་ཀྱང་བཀོད་སྒྲིག་བྱས་ཡོད།

           ལྷ་མོ་སྐྱིད་ཀྱིས་རང་གི་སྒོ་ཁ་ནས་ལས་ཞུགས་བྱས་ན། བཟའ་མི་ལ་ལྟ་རྟོག་ཐུབ་པར་མ་ཟད། ཡོང་འབབ་ཀྱང་མང་བས་ངོ་མ་བཟང་ཀི་ཞེས་དེང་ཕྱིན་གྱི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད་བྱུང་།

           ལྷ་མོ་སྐྱིད་ཚང་གི་གནས་ཚུལ་ལ་གཞིགས་ནས་རྨེ་ཆུ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་བཟའ་མི་རེར་ཆ་སྙོམས་སྒོར་7950སྟེར་ནས། བོད་ལུག་24ཉོས་ཏེ་སྒོ་ཕྱུགས་འཚོ་སྐྱོང་གི་གོ་སྐབས་སྤྲད་ཅིང་། རང་གི་སྡོད་ཁང་གསར་བར་ཚོང་ཁང་ཆུང་ཆུང་ཞིག་ཕྱེས་ན། འབྲོག་དམངས་རྣམས་ཀྱི་ཉིན་རྒྱུན་གྱི་འཛད་སྤྱོད་དགོས་མཁོ་བསྐང་ཐུབ་པར་མ་ཟད། ཡོང་འབབ་ཀྱང་ལེན་ཐུབ་པས་རང་གཞན་ཀུན་ལ་ཕན་པའི་ལས་ཤིག་མ་ཡིན་ནམ་ཞེས་སྐུལ་སློང་བཏང་། 2017ལོའི་ལོ་མཇུག་ཏུ། ལྷ་མོ་སྐྱིད་ཚང་གི་བཟའ་མི་རེའི་ཆ་སྙོམས་ཡོང་འབབ་ནི་ལོ་དེའི་དབུལ་བྲལ་གནད་སྒྲོལ་གྱི་ཚད་ལས་བརྒལ་ནས་དབུལ་ཞྭ་རྒྱང་དུ་དོར་ཡོད།

           ཁྱིམ་ཚང་གི་ཡོང་འབབ་ཉིན་རེ་བཞིན་ཇེ་མང་དུ་སོང་ཞིང་། འཚོ་བའང་བདེ་སྐྱིད་ཀྱི་ལམ་དུ་འཁོར་བཞིན་ཡོད་དེ། ད་ལྟ་གཞིས་ཁྱིམ་་གསར་བར་བསྡད་དེ། ལྟོ་འགྲངས་ཤིང་རྒྱབ་དྲོ་བའི་འཚོ་བ་སྐྱིད་པོ་ཞིག་རོལ་བཞིན་གདའ། ལྷ་མོ་སྐྱིད་ཀྱིས་དེ་ནི་ཏང་དང་སྲིད་གཞུང་གི་དྲིན་ལས་བྱུང་བ་སེམས་གཏིང་ནས་ཚོར་ཡོད།

          ལྷ་མོ་སྐྱིད་ཀྱིས་ཏང་དང་སྲིད་གཞུང་གི་དྲིན་མིན་ན་དེང་སང་གི་བདེ་སྐྱིད་འཚོ་བ་མེད་ཅེས་གསར་འགོད་པར་བཤད་བྱུང་། རོགས་སྐྱོར་ལས་ཁུངས་དང་ལས་སྒྲུབ་རུ་ཁག ཡུལ་ཚོའི་ལས་བྱེད་པ་སོགས་ཀྱི་རོགས་སྐྱོར་འོག ལྷ་མོ་སྐྱིད་དབུལ་ཕོངས་ཀྱི་འོབས་ལས་ཐར་ཅིང་དབུལ་བྲལ་གྱི་སྐྱ་རེངས་བསུས་ཡོད།

         དེང་སང་། དབུལ་ཕོངས་ལས་ཐར་བའི་ལྷ་མོ་སྐྱིད་ཀྱི་གདོང་ལ་འཛུམ་མདངས་རྒྱས་ཤིང་དགོད་སྒྲ་དང་ལབ་གླེང་མང་། མོས་རང་གི་འཁོར་བ་ཉིན་རེ་བཞིན་དུ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བའི་ལམ་དུ་སྐྱོང་བཞིན་པར་མ་ཟད། རང་ནུས་ཅི་ལྕོགས་ཀྱིས་ཡུལ་ཚོ་དང་གྲོང་སྡེར་ལས་ཀ་སྒྲུབ་རོགས་ཀྱང་བྱེད་བཞིན་ཡོད།

        དབུལ་ཕོངས་རྩ་ནས་འབལ། དབུལ་ཞྭ་རྒྱང་དུ་འདོར། དབུལ་ཕོངས་མང་ཚོགས་གཅིག་ཀྱང་འབྱོར་འབྲིང་གི་ལམ་ནས་རྗེས་སུ་ལུས་པར་མི་བྱ། ལྷ་མོ་སྐྱིད་ཀྱི་དབུལ་བྲལ་གྱི་གཏམ་རྒྱུད་དེ་ནི་མཛོད་དགེ་རྫོང་གི་དབུལ་བྲལ་གནད་སྒྲོལ་གྱི་དཔེ་མཚོན་ཙམ་ཡིན། མིག་སྔར། མཛོད་དགེ་རྫོང་གིས་ཡིད་ཆེས་བརྟན་པོར་བཅངས་ཤིང་འགན་འཁྲི་ཕྲག་ཏུ་འཁུར་ནས། དབུལ་བྲལ་གནད་སྒྲོལ་ལས་རྒྱལ་ཁ་ལེན་པར་བརྩོན་བཞིན་མཆིས།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།