རིན་མི་དགོས་པའི་རླངས་འཁོར་འཛིན་བྱང་གིས་མའོ་རྫོང་གི་དབུལ་ཕོངས་སློབ་ མ་179ལ་ཕན་ཐོགས་ཡོད།

རྩོམ་པ་པོ།   འོད་གསལ་མཚོས་བསྒྱུར།དུས་ཚོད།   2020-05-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཉེ་ཆར། རིན་མི་དགོས་པའི་རླངས་འཁོར་འཛིན་བྱང་གི་སྤྱི་ཕན་དབུལ་སྐྱོར་རྣམ་གྲངས་དེ་མའོ་རྫོང་གི་བདུན་གཅིག་མི་རིགས་སློབ་འབྲིང་དང་བརྒྱད་གཅིག་སློབ་འབྲིང་དུ་དངོས་སུ་ལག་ཏུ་བསྟར་ཅིང་། རླངས་འཁོར་འཛིན་བྱང་ལག་ཏུ་འབྱོར་མ་ཐག་པའི་བདུན་གཅིག་སློབ་འབྲིང་གི་སློབ་མ་ཞའེ་ཝུན་ཅིས་སྔོན་ཆད་ཡིན་ན། ཕ་མས་ཉིན་གཅིག་གི་དུས་ཚོད་སྤྱད་ནས་ང་རང་བསུ་སྐྱེལ་བྱེད་དགོས་མོད། ད་ལྟ་རིན་མི་དགོས་པའི་རླངས་འཁོར་འཛིན་བྱང་གི་སྤྱི་ཕན་དབུལ་སྐྱོར་རྣམ་གྲངས་ལས་རོགས་སྐྱོར་ཐོབ་པས། ཕ་མས་སེམས་ཚེགས་དང་ལུས་ཚེགས་ཕུད་མི་དགོས་ཞེས་དགའ་སྤྲོའི་ངང་བཤད་བྱུང་།

           རྒྱུས་ལོན་ལྟར་ན། རིན་མི་དགོས་པའི་རླངས་འཁོར་འཛིན་བྱང་གི་སྤྱི་ཕན་དབུལ་སྐྱོར་རྣམ་གྲངས་དེ་ནི་གུང་གཞོན་ཚོགས་པ་སི་ཁྲོན་ཞིང་ཨུ་དང་སི་ཁྲོན་ཞིང་ཆེན་དྲྭ་སྦྲེལ་བརྡ་འཕྲིན་གཞུང་ལས་ཁང་གིས་མཉམ་དུ་སྤེལ་བ་ཡིན་ལ། ཕྱོགས་གཉིས་ཀྱིས་བྱམས་ལྡན་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་སོགས་ལ་ཧུར་ཐག་གིས་སྐུལ་སློང་བཏང་སྟེ། རོགས་རེམ་དང་གཅེས་སེམས་འབུལ་བ། དངུལ་བསྡུ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་མའོ་རྫོང་ན་གནས་པའི་འོས་བབ་སློབ་གསོ་མྱོང་བཞིན་པའི་སློབ་མ་དག་གི་ལམ་ཐག་རིང་བའི་དཀའ་ངལ་སེལ་བ་དང་ཁྱིམ་ཚང་གི་སློབ་གསོའི་མ་རྩ་ཇེ་ཉུང་དུ་བཏང་ཡོད།

            བྱེད་སྒོ་སྤེལ་ཉིན་དེར། གཙོ་སྒྲུབ་ཕྱོགས་ཀྱིས་མའོ་རྫོང་བདུན་གཅིག་སློབ་འབྲིང་དང་བརྒྱད་གཅིག་སློབ་འབྲིང་གི་ཆ་རྐྱེན་དང་འཚམས་པའི་དབུལ་ཕོངས་སློབ་མ་179ལ་རིན་གོང་སྒོར་ཁྲི་10ཡི་རིན་མི་དགོས་པའི་རླངས་འཁོར་འཛིན་བྱང་ལག་ཏུ་སྤྲད་པར་མ་ཟད། འགྲིམ་འགྲུལ་ཉེན་རྟོག་པ་གདན་དྲངས་ནས་སློབ་མ་རྣམས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་འཆད་ཁྲིད་བྱས།

           གུང་གཞོན་ཚོགས་པ་ཞིང་ཨུའི་དབུལ་བྲལ་གནད་སྒྲོལ་ཚན་ཆུང་གི་ཚན་གཙོ་ཧུའུ་ཞའོ་ཡིས་དབུལ་ཕོངས་ས་ཁུལ་གྱི་སློབ་མ་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ནི་ཏང་ཨུ་དང་སྲིད་གཞུང་། སྤྱི་ཚོགས་ལས་རིགས་སོ་སོའི་སེམས་ཁུར་བྱེད་ས་གཙོ་བོ་ཞིག་ཡིན་ལ། གུང་གཞོན་ཚོགས་པའི་བསམ་བློ་གཏོང་ས་གཙོ་བོ་ཞིག་ཀྱང་ཡིན། སྤྱི་ཕན་དབུལ་སྐྱོར་རྣམ་གྲངས་དེ་མའོ་རྫོང་དུ་སྤེལ་བ་ནས་བཟུང་། ཆིན་པཱ་རི་ཁུལ་དང་ཝུའུ་མུང་རི་ཁུལ། ལིའང་ཧྲན་ཆེ་ཆུང་གི་དབྱིས་ཁུལ། མཐོ་སྒང་གི་བོད་ཁུལ་བཅས་ཁྱད་དབུལ་ས་ཁུལ་བཞི་ལ་ཡོངས་སུ་ཁེབས་ཡོད་ཅེས་བཤད།། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།