ཏོག་གསར་སྨན་བཅོས་ཐད་ཀྲུང་གོའི་ཚན་རིག་པར་འགག་སྒྲོལ་གསར་བ་བྱུང་།

རྩོམ་པ་པོ།   དུས་ཚོད།   2020-05-20   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

      གཏམ་བཟང་། ཏོག་གསར་གློ་ཚད་སྨན་བཅོས་བྱེད་པར་ཀྲུང་གོའི་ཚན་རིག་པར་འགག་སྒྲོལ་གསར་བ་བྱུང་། 

       ཉེ་ཆར། ཀྲུང་གོའི་ཚན་ཞིབ་ཚོགས་པས་ཨ་རིའི《ཚན་རིག》དུས་དེབ་དྲ་ཐོག་ཏུ་དཔྱད་རྩོམ་སྤེལ་ནས། ཁོ་ཚོས་ཕན་ནུས་ལྡན་པའི་ངང་ཏོག་གསར་ནད་དུག་འགོ་བར་འགོག་གཅོད་རུང་བའི་མི་ཁུངས་རྒྱུད་བཤུས་རྐྱང་མའི་འགོག་གཟུགས་རིགས་གཉིས་རྙེད་པ་ཁྱབ་བསྒྲགས་བྱས།

       ཐེངས་འདིའི་ཞིབ་འཇུག་ཁྲོད། ཀྲུང་གོའི་རྒྱལ་སའི་གསོ་རིག་སློབ་ཆེན་དང་། ཀྲུང་གོ་ཚན་རིག་ཁང་སྐྱེ་དངོས་ཕྲ་རབ་ཞིབ་འཇུག་ཁང་། ཀྲུང་གོ་ཚན་རིག་ཁང་ཐེན་ཅིན་བཟོ་ལས་སྐྱེ་དངོས་ལག་རྩལ་ཞིབ་འཇུག་ཁང་། ཧྲེན་ཀྲེན་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་སོགས་ལས་ཁུངས་མང་བོ་ཞིག་ཞུགས་པ་རེད།

       ཞིབ་འཇུག་མི་སྣས་ཏོག་གསར་ནད་དུག་བདེ་སོས་བྱུང་བའི་ནད་པ་ཞིག་གི་ཕྱི་འཁོར་ཁྲག་གི་ཉིང་རྐྱང་ཕྲ་ཕུང་ཁྲོད་ནས་མི་ཁུངས་རྒྱུད་བཤུས་རྐྱང་མའི་འགོག་གཟུགས་རིགས་བཞི་དབྱེ་ཕྲལ་བྱས། ཚོད་ལྟ་ལས་མངོན་པ་ལྟར་ན། འགོག་གཟུགས་འདི་བཞི་པོས་ཏོག་གསར་ནད་དུག་ཚང་མ་བཏང་སྙོམས་ཀྱི་ནུས་པ་ལྡན། དེའི་ནང་གིB38དངH4ཟེར་བའི་འགོག་གཟུགས་རིགས་གཉིས་ཀྱིས་ཏོག་གསར་ནད་དུག་གི་ཚེར་འབུར་སྤྲི་དཀར་གྱི་ལེན་གཟུགས་འདྲེས་མའི་ཁོངས་དང་དེའི་ལེན་གཟུགས“ཁྲག་རྩའི་གྲིམ་འཁུམ་རྒྱུ་སྤོ་སྒྱུར་རྩབས་རྫས2(ACE2)”འགོག་ཐུབ།

       དེའི་སྔོན་གྱི་ཏོག་གསར་ནད་དུག་འགོས་པའི་ནང་རྐྱེན་ལ་ཞིབ་འཇུག་བྱས་པ་ལས་མངོན་པར་གཞིགས་ན། ནད་དུག་དེ་གཙོ་བོ་ཕྱི་ངོས་ཀྱི་ཚེར་འབུར་སྤྲི་དཀར་ལེན་གཟུགས་འདྲེས་མའི་ཁོངས་དང་མི་ལུས་ཀྱི་ཕྲ་ཕུང་སྟེང་གིACE2དང་འདྲེས་གྲུབ་སྒོས་འགོ་བ་རེད། དངོས་བཤེར་ལས་མངོན་པ་ལྟར་ན། B38དངH4ལ་སོ་སོར་ལེན་གཟུགས་འདྲེས་མའི་ཁོངས་ཀྱི་ངོས་གནས་མི་འདྲ་བ་ངོས་འཛིན་དང་། བྱི་ཆུང་གི་ཚོད་ལྟས་འགོག་གཟུགས་འདི་གཉིས་ཀྱིས་བྱི་ཆུང་གི་གློ་བར་ནད་དུག་འགོས་པའི་ཚད་ཇེ་དམའ་རུ་གཏོང་ཐུབ་པ་ར་སྤྲོད་བྱས་ལ། སྨན་བཅོས་ཀྱི་ཕན་འབྲས་མངོན་པར་བྱས་ཡོད། འགོག་གཟུགས་གཉིས་བསྲེས་ནས་བཀོལ་ན་ནད་དུག་འགོག་ཐུབ་པ་རེད།

       ཞིབ་འཇུག་ཚོགས་པས་སྔར་ལས་ལྷག་པའི་སྒོ་ནས་ཏོག་གསར་ནད་དུག་གི་ཚེར་འབུར་སྤྲི་དཀར་ལེན་གཟུགས་འདྲེས་མའི་ཁོངས་དངB38གྲུབ་པའི་མཉམ་འདུས་རྫས་ཀྱི་གྲུབ་ཚུལ་ལ་དབྱེ་ཞིབ་བྱས་པ་བརྒྱུད། B38ཀྱིས་ནད་དུག་འགོ་བར་བཀག་འགོག་བྱེད་པའི་ཆ་རྡུལ་གྱི་ནང་རྐྱེན་ཡོད་པ་གསལ་བོར་བསྟན།

       ཞིབ་འཇུག་མི་སྣས་ངོ་སྤྲོད་བྱས་དོན། ཞིབ་འཇུག་གསར་ཤོས་ལས་མངོན་པར་གཞིགས་ན། གདམ་ཐོན་བྱུང་བའི་འགོག་གཟུས་རིགས་གཉིས་ལ་སྔར་ལས་ལྷག་པའི་སྒོ་ནས་ཏོག་གསར་ནད་དུག་འགོ་བར་སྨན་བཅོས་བྱེད་པའི་སྨན་རྫས་ཀྱི་ནུས་པ་ལྡན་པར་མ་ཟད། རིམས་འགོག་སྨན་ཁབ་བཟོ་བར་རྨང་གཞི་འདོན་སྤྲོད་བྱས་ཡོད། མིག་སྔར་འགོག་གཟུགས་གཉིས་པོ་དེ་འབྲེལ་ཡོད་ཀུང་སིས་ཐོན་རྫས་གཞན་སྒྱུར་བྱེད་བཞིན་ཡོད་ལ། སླད་ཕྱིན་ཏོག་གསར་ནད་པར་ནད་ཐོག་སྨན་བཅོས་ཐད་སྤྱོད་རེ་ཡོད་པ་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།