གཅིག་ཆོག་སྨན་ཞིག་ཀུན་ལ་མེད།། གཡོ་སྒྱུའི་ཚོང་ལ་ཅིས་ཀྱང་གཟབ།།

རྩོམ་པ་པོ།   ཚུལ་ཁྲིམས་རྡོ་རྗེས་བསྒྱུར་སྒྲིག་བྱས། དུས་ཚོད།   2020-05-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         ཉེ་ཆར། མཛོད་དགེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་འཁྱུག་བརྙན་དང་། མགྱོགས་འཕྲིན་དང་། འཕྲིན་ཕྲན་སོགས་སུ་“ཁྲུའུ་ཨའེ་cici”Vསྐྱེ་ཁམས་རིག་ནུས་བདག་སྐྱོང་སྡེབ་སྦྱོར་ཞེས་པ་བུད་མེད་ལ་ཉེར་བར་མཁོ་བའི་དུག་འཇོམས་ཀྱི་ཐོན་རྫས་ཤིག་ཡོད་པ་དང་། ཐོན་རྫས་དེར་ནད་བཅོས་པའི་ཕན་ནུས་ཀྱང་ལྡན་རབས་སྒྲོག་གིན་པ་ཤེས། «དུག་འཇོམས་ཐོན་རྫས་དོ་དམ་བྱེད་ཐབས་»ཀྱི་དོན་ཚན་སོ་གཅིག་པར། དུག་འཇོམས་ཐོན་རྫས་ཀྱི་རྟགས་བྱང་དང་དྲིལ་སྒྲོག་གི་ནང་དོན་ངེས་པར་བདེན་པ་བདེན་ཐུབ་ཡིན་དགོས་པ་དང་། ནད་བཅོས་པའི་ཕན་ནུས་ཡོད་རབས་ཟུར་ཙམ་ཡང་བསྟན་མི་ཆོག་པར་བཤད་ཡོད།

        དེ་མིན། «འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་ལ་ཆད་པ་གཅོད་ཐབས»ཀྱི་དོན་ཚན་དྲུག་པར། ཚོང་གཉེར་པས་འཛད་སྤྱོད་པར་ཚོང་ཟོག་གམ་ཞབས་ཞུ་འདོན་སྤྲོད་བྱེད་པའི་ཆ་འཕྲིན་དེ་བདེན་པ་བདེན་ཐུབ་དང་། ཆ་ཚང་བ་དང་། ཡང་དག་པ་ཡིན་དགོས་ལ། རྫུན་མ་དང་གཞན་ལ་མགོ་སྐོར་བའི་དྲིལ་སྒྲོག་གི་ཐབས་ཤེས་སྤྱད་དེ། འཛད་སྤྱོད་པ་བསླུ་མི་རུང་། ཞེས་གསལ་བོར་བཀོད་ཡོད། ཡིན་ནའང་། “ཁྲུའུ་ཨའེ་cici”Vསྐྱེ་ཁམས་རིག་ནུས་བདག་སྐྱོང་སྡེབ་སྦྱོར་ཞེས་པ་དེ་དུག་འཇོམས་ཀྱི་ཐོན་རྫས་ཤིག་ཡིན་པ་དང་། «འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་ཁྲིམས།»དང་། «འགྲེམ་བརྡའི་ཁྲིམས།»དང་། «དུག་འཇོམས་དོ་དམ་བྱེད་ཐབས།»སོགས་འབྲེལ་ཡོད་གཏན་འབེབས་ལྟར་ན། འཁྱུག་བརྙན་དང་། མགྱོགས་འཕྲིན་དང་། འཕྲིན་ཕྲན་སོགས་སུ་སྤེལ་བའི་ཐོན་རྫས་དེའི་ཆ་འཕྲིན་ལ་བདེན་པ་མིན་པའི་ཆ་འདུག་ལ། འཛད་སྤྱོད་པའི་གནས་ཚུལ་ཤེས་དབང་ལ་གནོད་འཚེ་བཟོས་པར་མ་ཟད། འཛད་སྤྱོད་པ་བསླུས་ཤིང་འཛད་སྤྱོད་པར་གོ་ནོར་ཐེབས་སུ་བཅུག་ཡོད།

མོ་ནད་ཀུན་ལ་ཕན་པའི་སྨན་ཞིག་མེད་པའི་སྐོར་གྱི་བརྙན་ཐུང་།(དང་པོ)

མོ་ནད་ཀུན་ལ་ཕན་པའི་སྨན་ཞིག་མེད་པའི་སྐོར་གྱི་བརྙན་ཐུང་།(གཉིས་པ)

    འཛད་སྤྱོད་པས་དུག་འཇོམས་ཐོན་རྫས་ཡང་དག་པར་ཉོ་བ་དང་། བེད་སྤྱོད་ཡང་དག་པར་ཐུབ་པའི་ཆེ་དུ། འདིར་གསལ་འདེབས་སུ་དོན་ཚན་འགའ་ཞུ་སྟེ།

01

    རང་འགུལ་གྱིས་དུག་འཇོམས་ཐོན་རྫས་ཀྱི་འབྲེལ་ཡོད་ཤེས་བྱར་རྒྱུས་ལོན་བྱེད་པ་དང་། ཡང་དག་པའི་སྒོས་སྨན་རྫས་དང་དུག་འཇོམས་ཐོན་རྫས་གཉིས་ཀྱི་ཁྱད་པར་ཁོང་དུ་ཆུད་པར་བྱ་དགོས། དུག་འཇོམས་ཐོན་རྫས་ནི་སྨན་རྫས་མིན་པས་སྨན་རྫས་ཀྱི་ཚབ་ཏུ་བསྟེན་མི་ཆོག་ལ། ཉོ་བའི་སྐབས་སུ་རྟགས་བྱང་དུ་བཀོད་པའི་གསལ་བཤད་ཡི་གེར་གསལ་བོར་བལྟ་དགོས། དུག་འཇོམས་ཐོན་རྫས་ཐོག་བཀོད་པའི་ཆོག་མཆན་ཡིག་ཨང་ནི་འཕྲོད་བསྟེན་དང་དུག་འཇོམས་དཔང་ཡིག་གི་ཡིག་ཨང་ཡིན་ལ། སྨན་རྫས་ཐོག་བཀོད་པའི་ཆོག་མཆན་ཡིག་ཨང་ནི་རྒྱལ་སྨན་ཆོག་འཐུས་ཡིག་ཨང་ཡིན།

02

    དཔང་ཡིག་དང་ལས་གཉེར་ཆོག་ཡིག་ཆ་ཚང་ཡོད་པའི་ཁྲིམས་མཐུན་ལས་གཉེར་ཚོང་ཁང་དུ་ཉོ་བ་དང་། ཐོན་རྫས་ཀྱི་ཕྱི་ཐུམ་དང་། རྟགས་བྱང་དང་། མཚོན་རྟགས་སོགས་ལ་གསལ་བོར་བལྟས་ཏེ། རང་གི་དགོས་མཁོ་ལྟར་ཚད་མཐུན་གྱི་ཐོན་རྫས་ཉོ་བར་བྱེད་པ་དང་། ཉོས་དཔང་རྣམས་མ་འབོར་བར་ཉར་ཚགས་བྱ་དགོས།

03

    དུག་འཇོམས་ཀྱི་ཐོན་རྫས་བེད་སྤྱོད་ཡང་དག་པར་བྱ་དགོས་ཤིང་། བེད་སྤྱོད་མ་ཤེས་པས་རང་ཉིད་ལ་མི་གནོད་པར་བྱ་དགོས། གལ་ཏེ། འཛད་སྤྱོད་པ་རྣམས་ཀྱིས་ཚོང་གཉེར་པས་ཁྱབ་སྒྲོག་རྫུན་མ་དང་། འཛད་སྤྱོད་པར་མགོ་བསྐོར་གཏོང་བ་སོགས་སྤྱོད་པ་ཁྲིམས་དང་འགལ་བ་མཐོང་ཚེ། དེ་མ་ཐག་སྐུད་ལམ་12315ལ་ཁ་པར་གཏོང་བ་དང་། ཡང་ན། རྒྱལ་ཡོངས་ཀྱི་12315ཡི་འཕྲིན་སྟེགས་སུ་ཐེར་འདོན་བྱ་བར་རིགས་ལ། གལ་ཏེ། རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་ཐེབས་ཚེ། འབྲེལ་ཡོད་ཀྱི་དཔང་ཡིག་མ་འབོར་བར་བཟུང་སྟེ། འབྲེལ་ཡོད་སྲིད་འཛིན་སྡེ་ཁག་གམ། ཡང་ན། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཨུ་ལྷན་ལ་གཏུགས་ནས། ཁྲིམས་ལྟར་རང་གི་ཁེ་དབང་ལ་སྲུང་སྐྱོང་དགོས་པ་བཅས་སོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།