སྐབས་རེར་དབུལ་ཡང་ཕྱུག་པོར་འགྱུར་བའི་གོ་སྐབས་ཡོད།

ཟུང་ཆུ་རྫོང་རྡོ་ཟམ་གྲོང་རྡལ་ཏུང་ལུང་གྲོང་སྡེའི་གྲོང་མི་ཀྲའོ་ཧའེ་པིང་གི་དབུལ་བྲལ་གྱི་གཏམ་རྒྱུད་ཐུང་ངུ་།

རྩོམ་པ་པོ།   གསང་བདག་སྒྲོལ་མ།དུས་ཚོད།   2020-05-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         ཟླ་5བར་ཟུང་ཆུ་རྫོང་དུ་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་རྒྱས་འདུག རྡོ་ཟམ་གྲོང་རྡལ་ཏུང་ལུང་གྲོང་སྡེའི་ཞིང་ཁར་བསྐྱོད་དུས་གང་ས་གང་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས། ཏུང་ལུང་གྲོང་སྡེ་ནི་མི་རིགས་མང་བོ་འདུས་སྡོད་བྱས་པའི་གྲོང་སྡེ་ཞིག་ཡིན་ཞིང་། གྲོང་སྡེ་ཡོངས་ལ་རྒྱ་ཁྱོན་མུའུ་21551དང་། ཞིང་ས་མུའུ་1830། ནགས་ཚལ་མུའུ་9000། རྩྭ་ཐང་མུའུ་10721ཡོད་པས། འདེབས་འཛུགས་ལས་རིགས་དང་འཚོ་སྐྱོང་ལས་རིགས་སྤེལ་བར་འཚམ། གྲོང་མི་མང་ཆེ་ཤོས་ཀྱིས་པད་ཚལ་དང་གླང་རྔ་བཏབ་པ་དང་། ཕྱུགས་རིགས་འཚོ་སྐྱོང་བྱས་ནས་ཕྱུག་འགྱུར་གྱི་ལམ་བུ་སྙེག

        2014ལོར་གྲོང་སྡེའི་མི་འབོར་140དབུལ་བོ་ཡིན་པ་གཏན་འཁེལ་བྱས་པ་ལས་ཀྲའོ་ཧའེ་པིང་ནི་དེའི་ཁྲོད་ཀྱི་དབུལ་བོ་ཞིག་ཡིན། ཁོ་ཚང་ལ་ལག་རྩལ་དང་ངལ་རྩོལ་ནུས་ཤུགས་ཀྱི་མི་འདང་བས་2014ལོར་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་བོ་རུ་གཏན་འཁེལ་བྱས།

        དབུལ་སྐྱོར་གནད་འཁེལ་གྱི་ལས་དོན་སྤེལ་སྐབས། རྡོ་ཟམ་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་དབུལ་སྐྱོར་དང་རིག་སྐྱོར་གཉིས་ཟུང་འབྲེལ་བྱས་ནས་དབུལ་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་དྲིལ་སྒྲོག་བྱས་པ་དང་ཆབས་ཅིག བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་དབུལ་ཕོངས་ཁྱིམ་ཚང་གི་བཞུགས་མོལ་ཚོགས་འདུ་འཚོགས་ནས་དབུལ་ཕོངས་སུ་གྱུར་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ལ། དབུལ་སྒྲོལ་གྱི་བྱེད་ཐབས་འཚོལ་ཞིབ་བྱས་པ་དང་དབུལ་སྒྲོལ་གྱི་འཆར་གཞི་བཟོས་ཏེ་དབུལ་བོ་ལ་དབུལ་ཕོངས་ལས་སྒྲོལ་ཐུབ་པའི་རེ་བ་སྦྱིན། ཀྲའོ་ཧའེ་པིང་ནི་ཏང་དང་སྲིད་གཞུང་གིས་གཟིགས་སྐྱོང་འོག་དང་། གྲོང་སྡེ་རུ་སྡོད་པའི་ལས་དོན་ཚན་ཆུང་གིས་ཁྲིད་སྟོན་འོག་བསམ་བློ་བསྒྱུར་ནས་ཕྱུག་འགྱུར་གྱི་ལམ་བུ་སྙེག

     2018ལོའི་སྔོན་དུ་ཀྲའོ་ཧའེ་པིང་གིས་སྲིད་གཞུང་གིས་ཁྱིམ་ཚང་རེར་ཁ་གསབ་བྱས་པའི་ཐོན་ལས་མ་དངུལ་དང་། ཐོན་ལས་འཁོར་རྒྱུག་མ་དངུལ། དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན་བཅས་བརྒྱུད། གཞི་ཁྱོན་ཆུང་བའི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བཏང་མོད། འོན་ཀྱང་གཞི་ཁྱོན་ཆུང་བས་ཕན་འབྲས་ཧ་ཅང་ཆུང་།

     སྔོན་ཆད་ཀྲའོ་ཧའེ་པིང་ནི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཡིན་ཞིང་། རྒྱུན་པར་ཡུལ་གཞན་གྱི་སྦྱིན་བདག་ལ་སྔོ་ཚལ་སྐྱེལ་རོགས་བྱས་པ་དང་། སྦྱིན་བདག་དང་འབྲེལ་གཏུག་ཐེངས་མང་པོར་བྱས་པ་བརྒྱུད་མཉམ་ལས་ཀྱི་གོ་སྐབས་ཤིག་རྙེད་ལ། སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་ལའང་འགན་ལེན་ཐོབ་ཡོད། ཀྲའོ་ཧའེ་པིང་གིས་ལག་རྩལ་ཡོད་པས་ན་གནད་དོན་ཆེན་པོ་ཞིག་ཐག་གཅོད་བྱས་ཡོད་ཅེས་བཤད།

    2018ལོར། ཀྲའོ་ཧའེ་པིང་གིས་གཙོ་ཚང་སྒུ་གྲོང་རྡལ་དུ་ཞིང་ས་མུའུ་30བོགས་གཡར་བྱས་ནས་གླང་རྔ་དང་པད་ཚལ་བཏབ་ཅིང་། རང་གིས་འབད་བརྩོན་དང་གཞན་དག་གིས་རོགས་སྐྱོར་བྱས་པ་བརྒྱུད་ཡོང་འབབ་སྒོར་ཁྲི་20ལྷག་ཡོད། དེས་ཀྲའོ་ཧའེ་པིང་ལ་ཕྱུག་འགྱུར་གྱི་རེ་བ་སྦྱིན་ཡོད་པས། 2019ལོར་སྔོ་ཚལ་འདེབས་འཛུགས་ཀྱི་རྒྱ་ཁྱོན་ཇེ་ཆེར་བཏང་ཞིང་། ཞིང་ས་མུའུ་130བོགས་གཡར་བཏང་ནས་ཡོང་འབབ་སྒོར་ཁྲི་50ལྷག་ཟིན་ཡོད། རྒྱུས་ལོན་པ་ལྟར་ན། ད་ལོར་ཞིང་ས་མུའུ་150བོགས་གཡར་བཏང་ནས་སྔོ་ཚོལ་འདེབས་རྩིས་ཡོད།

     ཀྲའོ་ཧའེ་པིང་གིས། ངའི་དེ་རིང་གི་གྲུབ་འབྲས་ཡོད་ཚད་འདི་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་། གྲོང་སྡེ་རུ་སྡོད་པའི་ལས་དོན་ཚན་ཆུང་གི་རྒྱབ་སྐྱོར་དང་འབྲལ་ཐབས་མེད། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བས་ང་ལ་ཕྱུག་འགྱུར་གྱི་ལམ་བུ་ཞིག་སྟེར་ལ། ངེད་ཚང་དབུལ་ཕོངས་ལས་ཐར་ཏེ་འབྱོར་འབྲིང་གི་འཚོ་བ་རོལ་བཞིན་ཡོད་ཅེས་བཤད།

     ཀྲའོ་ཧའེ་པིང་གིས་རང་ཉིད་ཕྱུག་པོར་གྱུར་བའི་དུས་མཚུངས་སུ་གྲོང་སྡེའི་དབུལ་བོ་གཞན་དག་བརྗེད་མེད། ཁོང་གི་སྔོ་ཚལ་འདེབས་འཛུགས་ཀྱི་རྟེན་གཞི་རུ་གྲོང་སྡེའི་གྲོང་མི་ཚོས་ཞོར་ལས་གཉེར་ནས་ཁོ་ཚོའི་ཡོང་འབབ་ཇེ་མང་དུ་ཕྱིན།

     ལོ་རེར་སྔོ་ཚལ་མང་པོ་ཁྲོམ་རར་འདོན་སྐབས་ཀྲའོ་ཧའེ་པིང་གིས་རང་མོས་ངང་སྐྱེལ་འདྲེན་གྱི་དགོས་མཁོ་ཡོད་པའི་གྲོང་མི་ལ་སྐྱེལ་འདྲེན་རླངས་འཁོར་འབྲེལ་གཏུག་བྱེད་རོགས་བྱས་པ་དང་། གྲོང་མིས་བཏབ་པའི་སྔོ་ཚལ་དུས་ཐོག་ཏུ་དབོར་སྐྱེལ་བྱས་ནས་རིན་གོང་ཡག་པོ་ཁུག་རྒྱུར་འགན་ལེན་བྱས།

       གསར་འགོད་པས་ཀྲའོ་ཧའེ་པིང་ལ་ཕུགས་བསམ་དང་འཆར་གཞི་དྲིས་སྐབས། ཀྲའོ་ཧའེ་པིང་གིས་བརྟན་འཇགས་ཀྱི་སྒོ་ནས་དབུལ་ཕོངས་ལས་སྒྲོལ་ཏེ་མུ་མཐུད་དུ་འདེབས་འཛུགས་ལས་རིགས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་། ཡོང་འབབ་ཇེ་མང་དུ་བཏང་ནས་འབྱོར་འབྲིང་གི་འཚོ་བ་རོལ་དགོས་ཞེས་བཤད།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།