བྱིས་པ་ཆུང་ཡང་གར་ལ་མཁས།། ཟློས་གར་རིག་གནས་བག་ཆགས་ཟབ།།

འཛམ་ཐང་རྫོང་གིས་བོད་ཀྱི་ཟློས་གར་རིག་གནས་སློབ་གྲྭར་སྤེལ་བ་རགས་བཀོད།

རྩོམ་པ་པོ།   ཚུལ་ཁྲིམས་རྡོ་རྗེ། དུས་ཚོད།   2020-05-19   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       རྔ་བའི་གསར་འགྱུར་དྲ་བའི་འཕྲིན། དེ་ཡང་མཁས་དབང་དུང་དཀར་མཆོག་གིས། ཟློས་གར་ཞེས་པ་སྔོན་བྱུང་གི་གཏམ་རྒྱུད་དང་ལོ་རྒྱུས་སོགས་སུ་གསལ་བའི་མི་སྣ་དང་ལྷ་འདྲེ་སོགས་མཚོན་པའི་གཟུགས་སུ་བྱས་ཏེ། རང་རང་སོ་སོའི་སྐད་ཀྱི་སྒོ་ནས་གླུ་བླངས་པ་དང་། བསམ་པའི་རྣམ་འགྱུར་སྣ་ཚོགས་ཡང་ནས་ཡང་དུ་ཟློས་ཤིང་གར་དུ་བྱེད་པར་ཟེར། ཞེས་གསུངས་པ་ཇི་བཞིན། བོད་དུ་སྔར་ནས་རྒྱ་བཟའ་ཀོང་ཇོ་དང་། དྲི་མེད་ཀུན་ལྡན་དང་། འགྲོ་བ་བཟང་མོ་སོགས་རྣམ་ཐར་ཆེན་མོ་བརྒྱད་དམ། ལྷ་མོའི་ཟློས་གར་བརྒྱད་ཅེས་ས་ཕྱོགས་མང་པོར་འཁྲབ་སྲོལ་ཡོད།

         འཛམ་ཐང་རྫོང་དུའང་དྲི་མེད་ཀུན་ལྡན་དང་། འགྲོ་བ་བཟང་མོ་དང་། རྟ་རྒྱུག་རྒྱལ་འཇོག གཞན་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ལས་འདན་སྲས་གཡུ་འོད་འབུམ་མེ་དང་། དམྱལ་གླིང་མུན་པ་རང་གསལ་སོགས་སྔར་ནས་འཁྲབ་རྒྱུན་ཡོད་པ་མ་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོ་འོང་ཆེད་དུ། 2018ལོའི་ཟླ་4པ་ནས་ཟུང་། རྫོང་དེས་རིམ་པ་གོང་མའི་ཡིག་ཆའི་དགོངས་པ་ལྟར། བོད་ཆའང་ཟློས་གར་རིག་གནས་སློབ་གྲྭར་སྤེལ་མགོ་ཚུགས་པས། སྤྱིར་ཟློས་གར་གྱི་ཉམས་འགྱུར་མ་ཤོར་ལ། རང་ཡུལ་གྱི་ཁྱད་ཆོས་ཀྱང་ལྡན་པའི་ཛམ་བྷ་ལའི་ཟློས་གར་རིག་གནས་སློབ་གྲྭ་དག་ཏུ་སྤེལ།

        2019ལོར་འཛམ་ཐང་རྫོང་བཅའ་སྡོད་ལམ་ལུགས་ཀྱི་སློབ་ཆུང་དང་། རྫོང་མདའ་ཡུལ་ཚོའི་པ་སིན་སྡེ་བའི་བྱིས་སློབ་ཁང་གཉིས་«རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་རྣམ་གྲངས་ཁག་བཞི་པ་སྟེ། བོད་ཆའང་ཟློས་གར་སློབ་གྲྭར་སྤེལ་བ།» ཞེས་པའི་གནད་ངེས་དཔེ་བཟང་སློབ་གྲྭ་རུ་བདམ། དེ་གའི་འབྲེལ་ཡོད་ཏུང་ལྷ་ལགས་ན་རེ། ལོ་ངོ་འདི་དག་གི་རིང་། སློབ་མ་རྣམས་ལ་བོད་ཀྱི་ཟློས་གར་ལ་རྒྱུས་ལོན་དང་། ཟློས་གར་གྱི་གློག་བརྙན་བསྟན་པ་དང་། ཟློས་གར་འཁྲབ་པའི་ཡུལ་དངོས་སུ་ཁྲིད་པ་སོགས་ཀྱིས། ཐོག་མར་འཁྲབ་སྟོན་ལ་ལད་མོ་བགྱི་བ་དང་། དེ་ནས་འཁྲབ་ཚན་བཟོས་ཏེ་འཁྲབ་སྟོན་བྱེད་པ་སོགས་ལས། སློབ་མ་རྣམས་ལ་བོད་ཀྱི་ཟློས་གར་དང་། ཟློས་གར་འཁྲབ་སྟོན་སྐོར་གྱི་ཤེས་བྱ་མང་པོ་ཤེས་སུ་བཅུག་པར་མ་ཟད། ཟློས་གར་འཁྲབ་སྟོན་གྱི་རྩལ་ཀྱང་ཇེ་བཟང་དུ་གྱུར། ཅེས་བཤད་ལ། ལོ་འདིར་ཟློས་གར་འཁྲབ་སྟོན་སློབ་གྲྭར་སྤེལ་བའི་འཆར་གཞི་མང་པོ་བཟོས་འདུག།

        ད་རུང་ཆ་རྐྱེན་གྱིས་མ་འདང་བའང་མང་པོ་ཡོད་པར་བཤད་དེ། དཔེར་ན། ས་ཕྱོགས་རང་གི་ཟློས་གར་འཁྲབ་སྟོན་གྱི་བསླབ་དེབ་མེད་པ་དང་། སློབ་གྲྭར་ཟློས་གར་འཁྲབ་སྟོན་གྱི་ཆེད་ལས་དགེ་རྒན་མེད་པས། ལག་ལེན་དུ་མ་ཤེས་པ་དང་། མ་འདང་བའི་ཆ་མང་ལ། འཁྲབ་འཁྲིད་དགེ་རྒན་དག་གིས་ཀྱང་སློབ་གསེང་ཙམ་གྱི་ཁོམ་སྐབས་ལ་བརྟེན་ནས་ཡོད་པས། སློབ་ཁྲིད་ཀྱི་འགན་ཁུར་ལྕི་ལ། ཟློས་གར་འཁྲབ་ཁྲིད་ལ་དུས་ཚོད་མང་པོ་བཀོལ་ཁོམ་མེད་པས། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཟློས་གར་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་ཐབས་མེད་པ་སོགས་ད་རུང་ལེགས་སུ་གཏང་དགོས་པ་མང་དུ་ཡོད་པར་སྨྲ།

       རྒྱུས་ལོན་པ་ལྟར་ན། ད་ལོར་སློབ་མ་ཡོངས་སུ་ཟློས་གར་གྱི་སྒྲུང་རྟ་གྱེར་འདོན་ལ་མཉན་པ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། བོད་ཀྱི་ཟློས་གར་བསླབ་ཚན་སློབ་གྲྭའི་བསླབ་ཕྱིའི་བྱེད་སྒོར་འཇོག་པ་དང་། བོད་ཀྱི་ཟློས་གར་སྐོར་གྱི་རྨང་གཞིའི་ཤེས་བྱ་ཁྱབ་སྤེལ་བཏང་སྟེ། སློབ་སྦྱོང་གི་སེམས་ཤུགས་སློང་བ་དང་། སློབ་མ་རྣམས་ལ་ཟློས་གར་རིག་གནས་ཀྱི་བག་ཆགས་འཇོག་པ་སོགས་བྱེད་འཆར་འདུག་གོ། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།