ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པ་རྔ་བ་རྫོང་དུ་ཕྱིན་ནས་སྲིད་ཇུས་བསྒྲཊ།

ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པ་རྔ་བ་རྫོང་དུ་བསྐྱོད་ནས་དུས་བབ་ཀྱི་སྲིད་ཇུས་རབ་དང་རིམ་པ་སྒྲོག་འགྲེལ་གནང་།

རྩོམ་པ་པོ།   དུས་ཚོད།   2020-05-18   རྩོམ་ཁུངས།    རྔ་བའི་རྒྱང་སྒྲོག་ཁང་།

         རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར།ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པ་རྔ་བ་རྫོང་གི་ཡུལ་ཚོ་སོ་སོའི་སློབ་གྲྭའི་དགེ་སློབ་དང་གཞི་རིམ་གྱི་ལས་བྱེད་མང་ཚོགས། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་ཕྱིན་ནས་དུས་བབ་ཀྱི་སྲིད་ཇུས་རབ་དང་རིམ་པ་སྒྲོག་འགྲེལ་བྱས། 

        སྒྲོག་འགྲེལ་པ་རྣམས་ཀྱིས་རྒྱལ་སྤྱིའི་གནས་བབས་མང་ཚོགས་ལ་ངོ་སྤྲོད་བྱས་ཏེ་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་ནི་དོན་གལ་ཆེན་ནང་གི་འགངས་ཆེན་ཞིག་ཏུ་བསམ་ནས།མིག་སྔའི་རྒྱལ་སྤྱིའི་གནས་བབ་ནི་སྣེ་མང་རྙོག་འཛིང་ཆེ་ཞིང་འགལ་འདུ་རྐྱ་འཐབ་པ་ཞིག་ཡིན་པས།རྒྱལ་ཁབ་ཕན་ཚུན་བར་གྱི་འགྲན་རྩོད་ཀྱང་སྔར་ལས་ཆེ་ཞིང་།རྒྱལ་སྤྱིའི་སྒྲིག་གཞི་ཡི་ངོས་ནས་གསར་རྙིང་བརྗེ་རེས་ཀྱི་བར་བརྒལ་གྱི་དུས་རིམ་དུ་གནས་ཡོད་ལ།  ཀྲུང་གོ་ནི་འཛམ་གླིང་ལོ་རྒྱུས་འཕེལ་རྒྱས་ཀྱི་གནད་འགག་གི་གོ་གནས་སུ་ཡོད་པ་དང་།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གནད་འགག་གི་དུས་རིམ་དུ་གནས་ཡོད།  དེ་བས།འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བ་ཡིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་གོ་སྐབས་བསྐྲུན་ཡོད་ལ།དེ་དང་མཉམ་དུ་ཉེན་ཁ་ཡང་ཆེན་པོར་འཕྲད་ཡོད། དེ་བས། དུས་རབས་གསར་བ་དང་གནས་བབ་གསར་བའི་འོག་ཏུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་།གསར་བརྗེའི་ལྟ་བ་གསར་བ།བདེ་འཇགས་ཀྱི་ལྟ་བ་གསར་བ་བཅས་དགོས་ལུགས་འགྲེལ་བརྗོད་བྱས།   

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིག་སྔར་དང་དེང་ཕྱིན་གྱི་དུས་རིམ་ཞིག་གི་ནང་ལ་ཆབ་སྲིད་ཀྱི་བདེ་འཇགས་དང་།  དཔལ་འབྱོར་གྱི་བདེ་འཇགས།  རྒྱལ་སའི་བདེ་འཇགས།  སྤྱི་ཚོགས་ཀྱི་བདེ་འཇགས། དྲ་རྒྱའི་བདེ་འཇགས་སོགས་ཕྱོགས་གང་ཐད་ཀྱི་བདེ་འཇགས་གཙོ་བོར་འཛིན་དགོས་ཞེས་གསུངས་པའི་གསུང་བཤད་གལ་ཆེན་ལ་བརྟེན་ནས་སྒྲོག་འགྲེལ་པ་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་ནི་མི་དམངས་བདེ་སྐྱིད་དང་འཆམ་མཐུན་བྱུང་བའི་རྩ་བའི་བླང་བྱ་ཡིན་པ་དང་།རྒྱལ་ཁབ་བདེ་འཇགས་བྱུང་བའི་རྨང་རྡོ་ལྟ་བུ་ཡིན་པས།རྒྱལ་ཁབ་ཀྱི་བདེ་འཇགས་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་།  རྒྱལ་ས།  དམག་དོན།  དཔལ་འབྱོར།  རིག་གནས།  སྤྱི་ཚོགས།   ཚན་རྩལ།  དྲ་རྒྱ།  སྐྱེ་ཁམས།  ཐོན་ཁུངས།  ནུས་ཁུངས་དང་རྒྱལ་ཕྱིའི་ཁེ་ཕན་སོགས་དང་དམ་དུ་འབྲེལ་ཡོད་པའི་སྐོར་ཉན་མཁན་དག་ལ་སྒྲོག་འགྲེལ་གནང་།

       སྒྲོག་འགྲེལ་པ་རྣམས་ཀྱིས་དུས་བབས་ཀྱི་སྲིད་ཇུས་རབ་དང་རིམ་པ་དང་།རང་རེའི་རྔ་བ་ཁུལ་གྱིས་ལོ་ངོ་༧༠རིང་ལ་དཔལ་འབྱོར་དང་།སློབ་གསོ། སྐྱེ་ཁམས། བཟོ་ལས་ཐོན་ལས། འགྲིམ་འགྲུལ་སྐྱེལ་འདྲེན། རིག་གནས་ཡུལ་སྐོར། སྨན་བཅོས་འཕྲོད་བསྟེན། དབུལ་སྐྱོར་གནས་སྤོ། ཝུན་ཁྲོན་ས་འགུལ་ཆེན་མོའི་གནོད་ཐེབས་བསྐྱར་སྐྲུན་གྱི་འཕེལ་རྒྱས་སོགས་ཀྱི་ཐད་ནས་བླངས་པའི་གྲུབ་འབྲས་དང་གནས་ཚུལ་དག་བོད་རྒྱ་སྐད་གཉིས་ཀྱིས་ལམ་ནས་དཔེ་འཇོག་ལུང་འདྲེན་དང་།ཁ་གསལ་གོ་བདེ།ཚིག་ཉུང་དོན་འདུས་ཀྱི་སྒོ་ནས་སྒྲོག་འགྲེལ་བྱས་པས། ཉན་མཁན་ཚོས་དགའ་བསུ་ཆེན་པོ་ཐོབ།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།