དགེ་རྒན་བསྐལ་བཟང་སྒྲོལ་མ།

རྩོམ་པ་པོ།   སྨག་ཚང་གསང་མྱུལ།དུས་ཚོད།   2020-05-18   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

དགེ་རྒན་བསྐལ་བཟང་སྒྲོལ་མས་ཚིག་རྩུབ་སྨྲ་མི་ཤེས།

སློབ་གསོའང་ཁ་རུ་མི་འབྱིན།

ཡིན་ནའང་། མོ་སློབ་མར་གུས་པ་ཆེ།

དགེ་རྒན་བསྐལ་བཟང་སྒྲོལ་མ་གཡོ་གྲུ་བཞིན།

ང་ཚོ་ཐག་རིང་ལ་འཁྲིད་མཁན་དེ་ཡིན།

རླབས་རྒྱུན་བཞིན། ང་ཚོ་མཁའ་དབྱིངས་ལ་འཕྱོ་མཁན་དེ་ཡིན།

བྱུར་དམར་བཞིན། ང་ཚོ་གཏིང་ནས་གཉོར་མཁན་དེ་ཡིན།

ལོ་ཟླ་བཞིན།ང་ཚོའི་ཞེ་ལ་ཐོགས་པ་དེའང་ཡིན།

དགེ་རྒན་བསྐལ་བཟང་སྒྲོལ་མས་མོ་རང་ཙི་གུ་ཞིག་གི་དཔེ་རུ་འཛིན།

ཙི་གུ་འབྲས་ལ་དགའ་བ་ཆོས་ཉིད་དུ་བསྒོམས་པས།

ང་ཚོས་འབྲས་དེ་ང་ཚོ་རང་ཉིད་ཡིན་པར་རློམ།

ཕྱིས་སུ་དགེ་རྒན་བསྐལ་བཟང་སྒྲོལ་མས།

ཙི་གུ་འབྲས་ལ་དགའ་བའི་དེ་གཞས་བཏང་སོང་།

ང་ཚོ་མིག་ཆུ་ཤམ་ཤམ་དུ་ལུས། མོའང་ཁུ་སིམ་མེར་བཤུམ།

སློབ་ཆུང་ལོ་རིམ་བཞི་བའི་དུས་སུ།

སྣང་བ་གནམ་ལ་ཟུག་པའི་དགེ་རྒན་བུད་མེད་དེ།

ད་ལྟ་གང་ན་ཡོད།

བརྩེ་སེམས་ཀྱི་མིག་ཆུ་ཤམ་ཤམ་བཞུར་བའི་སློབ་གྲོགས་དེ་ཚོའང་།

ད་ལྟ་གང་ན་ཡོད།

ལོ་ངོ་བཅུ་བཞིའི་རྗེས་སུ་ང་རང་མེན་དབྱང་ལ་འབྱོར།

དགེ་རྒན་བསྐལ་བཟང་སྒྲོལ་མའི་ལང་ཚོའི་བཤུལ་ལམ་ལ་འབྱོར།

གྲིབ་བསིལ་གྱིས་ཡོངས་སུ་བསྐོར་བའི་རིག་པའི་སྡིངས་ཆ་འདི་ནས།

གླེགས་བམ་གྱི་འཁྲུག་ཆ་བསིལ་བའི་ཉན་ཐོས་ཀྱི་གླིང་ཀ་འདི་ནས།

ངས་ལྷག་བསམ་གྱིས་དྲེགས་པའི་ཆུང་དུས་ཀྱི་དགེ་རྒན་དེ་ཧ་ཅང་དྲན།

སློབ་མ་ཚོ་རང་གི་བུ་བཞིན་གཅེས་པའི་རིགས་ཀྱི་བུ་མོ་དེའང་ཧ་ཅང་དྲན། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།