གདུང་དབྱངས་ཡིད་ཀྱི་མཆོད་པ།

རྩོམ་པ་པོ།   ནོར་ལྷ།དུས་ཚོད།   2020-05-18   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

   

 བློ་ཆེན་ནམ་མཁའི་ཚལ་ལ་ཅོ་འདྲི་ཞིང་།།

 བཟང་བོའི་སྤྱོད་པ་མཆོག་རབ་གསེར་གྱི་སྙིང་།།                                  

 ཉི་ཟེར་འཛུམ་བརྒྱ་གྲོལ་བའི་རྡུལ་ལ་བརྟེན།།                                

མ་བསྐུལ་པདྨའི་འདབ་འཕྲེང་ཀུན་ནས་གཡོ།།                                     
 ཀ་ཁ་སློབ་པའི་ཉི་མ་དང་བོ་ནས།།      
 ཁ་ཏ་བསླབ་བྱ་གནང་བའི་ཨ་ཁུ་ཁྱེད།།
 ག་དུས་ཡིན་ཡང་སེམས་ཀྱི་ནོར་བུ་མཆོག།                            

 ང་ཡི་བླ་མ་རྟ་བདུན་དབང་བོ་ཡིན།།    

 ཅ་ཅོ་ཙམ་གྱིས་ངག་ནས་བཟླས་པ་མིན།།                                 

 ཆ་ཡོད་རྒྱུས་ཟབ་གཙུག་གི་ཉི་མ་ཡིན།། 
 ཇ་ཤིང་ལོ་མ་རྒྱས་པའི་ལྗོན་ཚལ་ལ།།    
ཉ་རྒྱས་ཟླ་བ་ལྟ་བུའི་གྲིབ་བསིལ་ཅན།།
ཏ་ཐཱ་ག་ཏའི་རིག་པའི་ལམ་སྲོལ་ལས།།
ཐ་དད་སློབ་བུ་བྱམས་དང་བརྩེ་བའི་ངང་།།

 ད་ལྟ་ཆུང་དུས་ཤེས་ཡོན་ཉེར་མཁོ་ཞེས།།                                  

 ན་གཞོན་ལང་ཚོ་ཅན་རྣམས་སློབ་ལ་བསྐུལ།།
 པ་སངས་ལྟ་བུའི་ལྷག་བསམ་འོ་མའི་མདངས།།
 ཕ་ནོར་གསོ་བ་རིག་པའི་གཞུང་ལ་བསྲེས།།
 བ་གླང་བོང་བུ་མི་ཕྱུགས་ཐམས་ཅད་ལ།། 
 མ་ལུས་མཆོག་ཏུ་ཕན་པའི་སྨན་བཅོས་མཛད།། 
 ཙ་གེ་ཙི་གེའི་བྱིས་པ་སྣབས་ལུག་ཚོར།།   
 ཚ་དྲོད་རན་པས་སློབ་གསོ་གོ་བསྡུར་ཞིང་།། 
 ཛ་ཡའི་གཞུང་དང་གསོ་རིག་སྨན་གྱི་དེབ།།
 ཝ་ལེར་དཔར་སྐྲུན་ཕྱི་རབས་བོད་ལ་བཞག། 
 ཞ་སྨྱུག་ཁྱེར་ཏེ་སློབ་གྲྭར་འབྱོར་བའི་ཉིན།།
  ཟ་ཉལ་མ་མཛད་བརྩོན་པ་གལ་ཆེ་ཞེས།།                                  

 འ་ཅག་རྣམས་ལ་བླ་མའི་ཞལ་གྱི་མཆིད།།
 ཡ་ཆུང་སེམས་ན་ད་དུང་བདུད་རྩི་སྨན།།
 ར་ལྟར་གྱོང་བའི་མི་གཞི་བཙོག་པ་དང་།།  
 ལ་ལུང་དཀྲུག་པའི་འདྲེ་ཞིག་ཡིན་ན་ཡང་།།                               

 ཤ་ཉེ་སྤུན་མཆེད་ལྟ་བུའི་བྱམས་སྐྱོང་དེས།།
 ས་ཆུ་འཕྲོད་སར་ལྗང་མྱུག་ལྟར་ཏུ་བསྐྱེད།།
 ཧ་ཅང་སེམས་པ་སྐྱོ་བའི་ཉི་མ་འདི།།                
 ཨ་ཁུ་ཚང་གི་གདུང་མཆོད་ཡིན་པ་དང་།།
 ཧ་ལམ་ཨ་མྱེས་ལ་སྒོ་མཐོང་ཐེངས་རེར།།
ཨ་ཧོ་མིག་གི་མཆི་མ་ཆར་བའི་རྒྱུན།།
 དཔྱིད་ཀྱི་ལང་ཚོ་རྒྱས་པའི་དུས་ཚིགས་འདིར།།                                 

 རྩྭ་ལྗང་མྱུ་གུའི་མེ་ཏོག་བཞད་ན་ཡང་།།   

སྐད་གདངས་འགྱུར་ཁུག་ཅན་གྱི་ཁུ་བྱུག་ཁྱེད།།                                  

མི་བཞུགས་ཡིད་ཀྱི་སྐྱོ་ངལ་འཇགས་ཐབས་བྲལ།།                               
 དེ་ཕྱིར་ཕན་བདེའི་འོད་དཀར་འཛིན་པ་མཆོག།                           

 བདག་ཡིད་ཀུ་མུད་ཚལ་ལ་འཕྲོས་པའི་མོད།།                              

 ཐུགས་རྗེ་གྲིབ་བསིལ་རྒྱས་པའི་གུར་ཁང་ནས།།                          

 རྫོགས་ལྡན་དབྱར་གྱི་ཆུ་གཏེར་འཇོ་བར་སྨོན།།  

         རྔ་བ་ཉི་མ།
                     ༢༠༢༠  ༥  ༡༨