ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་མཁན་གྱི་ཀྲུང་གོའི་ཆེད་མཁས་ཚན་ཆུང་ཁྲེང་ཏུའུ་རུ་འབྱོར།

རྩོམ་པ་པོ།   འོད་གསལ་མཚོས་སྒྱུར་སྒྲིག་བྱས།དུས་ཚོད།   2020-05-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          སི་ཁྲོན་ལྟ་ཞིབ་ཅེས་པའི་འཕྲིན་སྟེགས་ལས་ཤེས་པ་ལྟར་ན། ཟླ་5ཚེས་12ཉིན་གྱི་ཞོགས་པའི་ཆུ་ཚོད་དྲུག་གི་ཐོག ཀྲུང་གོའི་རིམས་ནད་འགོག་བཅོས་ཆེད་མཁས་ཚན་ཆུང་གིས་ཟླ་གཅིག་གི་རིང་ཨེ་ཙེ་ཨོ་ཕི་ཡ་དང་ཅི་པོའུ་ཐིའི་རིམས་ནད་འགོག་བཅོས་ཐད་ཀྱི་མཐུན་སྦྱོར་དང་མཛུབ་ཁྲིད་བྱེད་པའི་ལས་དོན་མཇུག་འགྲིལ་ནས་གནམ་གྲུ་བསྡད་དེ་ཁྲེང་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར།

         ཆེད་མཁས་ཚན་ཆུང་ལ་སྨན་པ12ཡོད་པ་དང་དེ་དག་ནི་སི་ཁྲོན་སློབ་ཆེན་གྱི་ཧྭ་ཤིས་སྨན་ཁང་དང་། སི་ཁྲོན་ཞིང་ཆེན་ནད་ཡམས་ཚོད་འཛིན་ལྟེ་གནས། སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་། ལྷོ་ནུབ་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་། ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་བཅས་ཀྱི་སྨན་པ་ཡིན་ལ། ཆེད་ལས་དབུགས་འབྱིན་དང་། ནད་གཡོག ཚོད་ལྟ་ཁང་། ཀྲུང་ལུགས་གསོ་རིག་སོགས་ཡིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཡུལ་དངོས་ནས་ཆེད་མཁས་པ་12ལ་དགའ་བསུ་ཞུ་བའི་མཛད་སྒོ་སྤེལ་ནས་རྒྱལ་ཁའི་ངང་ཕྱིར་ལོག་པར་དགའ་བསུ་བྱས།

         ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གི་འཕྲལ་བཅོས་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཅིན་ཝུའེ་ནི་ཆེད་མཁས་ཚན་ཆུང་གི་ཁོངས་མི་ཡིན་ལ། ཁོའི་ཆུང་མ་ལི་ཆིང་ཅེ་ཡང་སྔ་མོ་ནས་གནམ་གྲུ་ཐང་དུ་ཐོན་ནས་བཟའ་ཟླ་ཕྱིར་ལོག་པར་སྒུག་ཡོད། ཅིན་ཝུའེ་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་པར་འགྲོ་སྐབས་སེམས་ཁྲལ་ཆེན་པོ་བྱས་མོད། འོན་ཀྱང་ང་རང་ཡང་སྨན་བཅོས་ལས་དོན་པ་ཞིག་ཡིན་པའི་ཆ་ནས་ཁོང་ལ་རྒྱབ་སྐྱོར་ཆེན་པོ་བྱས། དེ་རིང་ཁོ་བདེ་འཇགས་ངང་ཕྱིར་ལོག་པས་ང་ཧ་ཅང་དགའ་བྱུང་ཞེས་ལི་ཆིང་ཅེ་ཡིས་དེ་ལྟར་བཤད།

        ཀྲུང་གོའི་རིམས་ནད་འགོག་བཅོས་ཀྱི་ཆེད་མཁས་ཚན་ཆུང་ཟླ་4ཚེས་16ཉིན་ཨེ་ཙེ་ཨོ་ཕི་ཡར་འབྱོར་ནས་ས་གནས་དེའི་རིམས་ནད་ལ་འགོག་རྒོལ་བྱ་རྒྱུར་གཞོགས་འདེགས་བྱས་ཤིང་། ཨེ་ཙེ་ཨོ་ཕི་ཡའི་རིམས་ནད་འགོག་བཅོས་ཀྱི་ལས་འགན་མཇུག་འགྲིལ་རྗེས་ཆེད་མཁས་ཚན་ཆུང་གིས་སླར་ཡང་ཅི་པོའུ་ཐིར་བསྐྱོད་དེ་མུ་མཐུད་དུ་རིམས་འགོད་ཐད་ཀྱི་ལས་དོན་བསྒྲུབ་རོགས་བྱས་པ་དང་། ཟླ་5ཚེས་10ཉིན་ཅི་པོའུ་ཐིའི་ཙུང་ལི་ཁ་སྨི་ལེ་ཡིས་ཀྲུང་གོའི་སྨན་བཅོས་ཆེད་མཁས་ཚན་ཆུང་གི་སྨན་པ12ལ“རང་བཙན་ཉིན་མོའི་བྱས་རྗེས་གཟེངས་རྟགས”སྤྲད་པ་དང་དེ་ནི་ཅི་པོའུ་ཐིའི་ལོ་རྒྱུས་ཐོག་ཐེངས་དང་བོ་རེད།

        རིམས་འགོག་གི་བླང་བྱ་གཞིར་བཟུང་། ཀྲུང་གོའི་སྨན་བཅོས་ཆེད་མཁས་ཚན་ཆུང་གི་སྨན་པ་རྣམས་ཏུའུ་ཅང་ཡན་ནས་གཏན་འཁེལ་གྱི་མགྲོན་ཁང་དུ་བསྐྱོད་དེ་དུས་ཡུན་ཉིན་14རིང་ལོགས་སུ་བཀར་ནས་ངལ་གསོ་བྱ་རྒྱུ་རེད།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།