ཕྱི་འབྲེལ་པུའུ་ཡིས་འགོག་ཁབ་ཞིབ་འཇུག་ཐད་ཁ་ན་ཏ་ལ་མཉམ་ལས་བྱེད་པ་བདེན་དཔང་བྱས་ཡོད།

རྩོམ་པ་པོ།   མུན་ཁེར་སྐྱེས་ཀྱིས་སྒྱུར་སྒྲིག་བྱས། དུས་ཚོད།   2020-05-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           ཞིན་ཧྭ་གསར་འགྱུར་ཁང་གིས་པེ་ཅིང་ནས་ཟླ་5ཚེས་13ཉིན་སྤེལ་བའི་གློག་འཕྲིན་ལྟར་ན། ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ཀྲའོ་ལི་ཅན་གྱིས་ཚེས་13ཉིན་ཀྲུང་གོས་ཁ་ན་ཏ་ལ་འགོག་ཁབ་ཞིབ་འཇུག་མཉམ་ལས་བྱེད་པ་བདེན་དཔང་བྱས་ཡོད།

           ཉིན་དེའི་གསར་འགོད་པའི་ཚོགས་འདུ་ལས་གསར་འགོད་པ་ཞིག་གིས་གསར་འགྱུར་ཅིག་ལས་ཁ་ན་ཏ་རྒྱལ་ཁབ་ཞིབ་འཇུག་ཨུ་ཡོན་ལྷན་ཁང་གིས་ཚེས་12ཉིན་ཁ་ན་ཏ་ཡིས་ཀྲུང་གོའི་ཁང་ཞི་ནའོ་སྐྱེ་ཁམས་མ་རྐང་ཀུང་སི་ལ་མཉམ་ལས་བྱས་ཏེ། མ་འོངས་པར་འགོག་ཁབ་ལ་ཞིབ་འཇུག་དང་ཚོད་ལྟ་བྱེད་པར་རྨང་གཞི་བཏིང་ཡོད་ལ། ཀུང་སི་དེས་ཁ་ན་ཏ་འཕྲོད་བསྟེན་པུའུ་ལ་ལས་ཐོག་ཚོད་ལྟའི་ཡར་ཞུ་འབུལ་གྲབས་བྱེད་བཞིན་འདུག་ཅེས་བསྒྲགས་ཡོད། དེས་ན། ཀྲུང་གོ་ཡིས་ཀྲུང་གོ་དང་ཁ་ན་ཏ་ཡི་འགོག་ཁབ་ཞིབ་འཇུག་ནང་དུ་འདུས་པའི་འཕྲོད་བསྟེན་མཉམ་ལས་ལ་ལྟ་ཚུལ་ཇི་འདྲ་བཟུང་ཡོད། རིམས་ནད་བྱུང་བ་ནས་བཟུང་ཀྲུང་གོ་དང་ཁ་ན་ཏ་ཡི་རིམས་འགོག་མཉམ་ལས་ལ་ཇི་ལྟར་གདེང་འཇོག་བྱེད་དམ་ཞེས་དྲིས།

            ཀྲའོ་ལི་ཅན་གྱིས་ཏོག་གསར་གློ་ཚད་བྱུང་བ་ནས་བཟུང་། ཀྲུང་གོ་དང་ཁ་ན་ཏ་ཡིས་ཕན་ཚུན་རྒྱབ་སྐྱོར་དང་རོགས་རེམ་བྱས་ཤིང་། རིམས་ནད་མཉམ་ལས་ཧུར་ཐག་གིས་སྤེལ་ཡོད། ཀྲུང་གོའི་སྲིད་གཞུང་གིས་ཁ་ན་ཏ་ལ་ཞལ་འདེབས་སུ་ཕུལ་བའི་སྨན་བཅོས་དངོས་རྫས་ཏུན་32དེ་ཉེ་ཆར་ཁ་ན་ཏ་རུ་འབྱོར་ཡོད་ལ། ཀྲུང་གོས་ཁ་ན་ཏ་ཡིས་ཀྲུང་གོའི་ཚོང་ལས་སྨན་བཅོས་དངོས་རྫས་ཉོ་བར་མཐུན་རྐྱེན་སྦྱར་བ་དང་སྟབས་བདེ་བསྐྲུན་ཡོད་ཅེས་བཤད།

             ཁོས་ནད་དུག་ལ་རྒྱལ་མཚམས་མེད་པར་འགྲོ་བ་མིའི་རིགས་ཡོངས་ཀྱི་འགྲན་རྩོད་ཅིག་ཡིན་ལ། འགོག་ཁབ་ཞིབ་འཇུག་དང་གསར་གཏོད་ནི་རིམས་འགོག་གི་རྩ་གནད་ཅིག་དང་འགྲོ་བ་མིའི་རིགས་རིམས་ནད་ལས་ཐར་བར་བྱེད་པའི་གནད་འགག་ཅིག་ཀྱང་ཡིན་པས། ཀྲུང་གོས་ཁ་ན་ཏ་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་མང་བོར་སྨན་རྫས་དང་འགོག་ཁབ་ཞིབ་འཇུག་ཐད་མཉམ་ལས་བྱེད་བཞིན་ཡོད། ང་ཚོས་ཁ་ན་ཏ་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཏོག་གསར་གློ་ཚད་ཀྱི་སྨན་བཅོས་ཐོན་རྫས་ཞིབ་འཇུག་དང་གསར་གཏོད། ཐོན་སྐྱེད་ཇེ་མགྱོགས་སུ་བཏང་སྟེ། གོ་ལ་ཧྲིལ་བོའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་དང་རིམས་འགོག་ལ་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བཤད།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།