ཧའེ་ཙིའི་སྙན་ངག་བོད་འགྱུར་མ་གསུམ།

རྩོམ་པ་པོ།   ཧའེ་ཙིས་བརྩམས། མང་བསམ་གྱིས་བསྒྱུར།དུས་ཚོད།   2020-05-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

སྙན་ངག་གི་མཆོད་པ།

སུ་ཞིག་མཛེས་སྡུག་གི་ཞོགས་པའི་དུས་སུ་ཡོད་དམ།

སུ་ཞིག་སྙན་དངགས་ཤིག་གི་གཏིང་རིམ་ན་ཡོད་དམ།

སུ་ཞིག་མཛེས་སྡུག་གི་མེ་ལྕེའི་ནང་འཕུར་གྱིན།

ང་ལ་མཛེས་སྡུག་མཐའ་ཡས་པ་ཞིག་གནང་།

སུ་ཞིག་ཐབ་ཀྱི་དུ་བ་འཕྱུར་བའི་གྲོང་སྡེ་རུ་ཡོད་དམ།

སུ་ཞིག་དྭངས་ཤིང་གཡའ་དག་པའི་མཁའ་དབྱིངས་སུ་ཡོད་དམ།

ནམ་མཁའི་སྤྲིན་པ་དེ་

སུ་ཞིག་གི་ཡིན་ནམ།

སུ་ཞིག་གི་གཟུགས་པོ་ནག་ནག་སྨག་རུམ་དང་འདྲ་ལ།

གངས་མདོག་གི་གཤོག་པ་ཐོགས་ཏེ།

དྲན་གྱིན་འདུག སྐད་རྒྱག་གིན་འདུག

སུ་ཞིག་མཛེས་སྡུག་གི་ཞོགས་པའི་དུས་སུ་ཡོད་དམ།

སུ་ཞིག་སྙན་ངག་ཅིག་གི་གཏིང་རིམ་ན་ཡོད་དམ།

བོད་ལྗོངས།

བོད་ལྗོངས།

ཁེར་རྐྱང་གི་རྡོ་བ་ཞིག་གིས་ནམ་མཁའ་བཀང་འདུག

མཚན་མོ་གང་གིས་ཀྱང་ང་རང་གཉིད་དུ་བཅུག་མི་ནུས་ལ།

སྐྱ་རེངས་གང་གིས་ཀྱང་ང་རང་སད་དུ་བཅུག་མི་ནུས།

ཁེར་རྐྱང་གི་རྡོ་བ་ཞིག་གིས་ནམ་མཁའ་བཀང་འདུག

ལོ་ངོ་སྟོང་ཕྲག་ཏུ་རང་ཉིད་ནི་རང་ཉིད་ལ།

དུངས་ཞེན་ཟབ་ཅེས་ཁོ་བོས་སྨྲས།

ཁེར་རྐྱང་གི་རྡོ་བ་ཞིག་གིས་ནམ་མཁའ་བཀང་འདུག

མིག་ཆུ་གང་གིས་ཀྱང་ང་རང་མེ་ཏོག་ཏུ་བསྒྱུར་མི་ནུས་ལ།

རྒྱལ་པོ་གང་གིས་ཀྱང་ང་རང་བཞུགས་སྟེགས་སུ་བསྒྱུར་མི་ནུས་སོ།།

མིང་ཡིག་མེད་པའི་རི་སྐྱེས་མེ་ཏོག

ཁྱེད་ཉིད་མཐོང་བར་མི་འདུག

ལང་ཚོ་བཅུ་དྲུག་ལ་སླེབས་འདུག་པའི་ཁྱེད།

མིང་ཡིག་མེད་པ་ནི་མཐོང་བར་མི་འདུག

དྲི་ངད་ལྡང་བཞིན་མེ་ཏོག་བཞད་འདུག་པའི་ཁྱེད།

ལྷམ་ཆུང་ལག་ཏུ་ཐོགས་པ་མཐོང་བར་མི་འདུག

ཆར་བའི་ཁྲོད་རྩྭ་ཐང་ཆེན་མོར་བརྒལ་གྱིན་པའི།

གསལ་ལ་མི་གསལ་བའི་ཡིད་ཀྱི་ལྷ་མོ།

ཁྱེད་ཉིད་མཐོང་བར་མི་འདུག

ལང་ཚོ་དར་ལ་བབ་འདུག་པའི་ཁྱེད།

ལུས་ལ་གོན་པ་དམར་པོ་གྱོན་ཏེ།

སྟོང་སང་ངེར་རླུང་ཁར་བསྐྱོད་ཀྱིན།

བདག་གི་གམ་དུ་ལོག

ཁྱེད་ལ་ལང་ཚོ་སྨིན་འདུག་པས།

ཁྱེད་ཀྱི་སྐྲ་ལོ་ནི་སྨག་ནག་པའི་མཚན་མོ་ཞིག་དང་མཚུངས།

ང་ནི་མཚན་མོར་ཁེར་རྐྱང་དུ་ལུས་པའི་བཙུན་པ་ཞིག

ས་བོན་ནི་བྲག་སྟེང་དུ་སྨིན་པར་གྱུར་ན།

སྒྲོན་མེ་དག་ངས་རང་གི་རུས་རྐང་དུ་གཟུག་ངེས།

གང་ལྟར་དཀར་པོའམ་ཡང་ན་ལྗང་གུ།

ལྷ་ཡུལ་དང་ཡང་ན་དམྱལ་ཁམས་ནས་སླེབས་འོངས་པའི།

ཁྲི་ཤོར་རྒྱལ་མོའི་རླུང་དམར།

གྲང་རླུང་རྒྱུ་བའི་ཁྲག་རྒྱུན་སྨུག་པོ་དེ།

བདག་གི་མགོ་སྟེང་དུ་ལྡང་བྱུང་།

ང་རང་མིང་ཡིག་མེད་པའི་རི་སྐྱེས་མེ་ཏོག་དེར།

ནམ་ཞིག་ཏུ་གྱུར་པ་ཡིན་ནམ།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།