མཛོད་དགེ་ཡིས་དཔར་ལོག་བྱས་པའི་པར་སྐྲུན་ཡིག་རིགས་མེད་བརླགས་བཏང་།

རྩོམ་པ་པོ།   ཚེ་རིང་ལྷ་མོ།དུས་ཚོད།   2020-05-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         ཟླ་5ཚེས་12ཉིན། མཛོད་དགེ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་སྣེ་ཁྲིད་དེ་རྫོང་རིག་རྩལ་ལྗོངས་སྐོར་ཅུས་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས། སྟག་ཚ་གྲོང་རྡལ་གྱི་མངགས་གཏོང་ཁང་། འཕྲོད་བསྟེན་བདེ་ཐང་ཅུས་སོགས་ཁོངས་ཞུགས་ལས་ཁུངས་དག་རྩ་འཛུགས་བྱས་ནས། 2020ལོའི་མཛོད་དགེ་རྫོང་གི་པར་དབང་དང་འགལ་བར་བསྐྱར་དཔར་བྱས་པའི་དཔེ་ཆའི་རིགས་ཕྱོགས་གཅིག་ཏུ་བསྡུས་དེ་གཙང་སེལ་བྱེད་པའི་བྱེད་སྒོ་སྤེལ།

        བྱེད་སྒོའི་ཡུལ་དངོས་སུ། ལས་བཟོ་པ་རྣམས་ཀྱིས་སྔོན་ནས་རྩིས་ལེན་བྱས་པའི་དཔར་ལོག་བརྒྱབ་པའི་དཔེ་ཆའི་རིགས་ཕྱོགས་གཅིག་ཏུ་སྤུངས་ཤིང་མེ་རུ་བསྒྲོན་ནས་གཙང་སེལ་བྱས། ཐེངས་འདིའི་གཙང་སེལ་བྱེད་སྒོའི་དཔར་ལོག་བརྒྱབ་པའི་དཔེ་ཆའི་རིགས་སུ། དཔར་ལོག་བརྒྱབ་པའི་སློབ་ཁྲིད་རྒྱུ་ཆ་དང་། ཁྲིམས་འགལ་རྒྱན་སྐུག་གི་དཔེ་ཆ། ཆགས་སྲེད་བརྙན་སྡེར་སོགས་ཀྱང་འདུ་བ་རེད།

      གཞན་དུ། སྟག་ཚ་གྲོང་རྡལ་གྱི་མངགས་གཏོང་ཁང་དང་། རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་བཟོ་པ་རྣམས་ཀྱིས་ཁྲིམས་འགལ་རྒྱན་སྐུག་གི་གྱོད་དོན་ཁྲོད་ནས་རྩིས་ལེན་བྱས་པའི་རོལ་རྩེད་འཕྲུལ་ཆས་དང་། རྒྱན་ཤོག་སོགས་རྒྱན་སྐུག་གི་ཡོ་བྱད་དང་། དུས་ཡུན་འགོར་བའི་བཟའ་བཅའི་རིགས་སོགས་ཀྱང་ལྷན་ཅིག་ཏུ་མེ་ལ་བསྒྲོན་ཏེ་གཙང་སེལ་བྱས།

      མཛོད་དགེ་རྫོང་གིས་རྩ་འཛུགས་བྱས་ནས་སྤེལ་བའི་ཐེངས་འདིའི་དཔར་ལོག་གི་དཔེ་ཆའི་རིགས་གཙང་སེལ་བྱེད་པའི་བྱེད་སྒོའི་དམིགས་ཡུལ་གཙོ་བོ་ནི། སྔར་ལས་ལྷག་པར་སྔོན་ཐོན་རིག་གནས་དར་སྤེལ་དང་། རྙིང་རུལ་དོན་མེད་རིག་གནས་རྩ་མེད་བཏང་སྟེ། རང་རྫོང་གི་རིག་གནས་ཁྲོམ་ར་སྔར་ལས་ཀྱང་གཙང་སིང་ངེ་བ་ཞིག་དང་། བསམ་བློའི་འཇིག་རྟེན་སྔར་ལས་ཀྱང་དྲི་མེད་རྣམ་དག་ཅིག་ཏུ་བསྒྱུར་ཆེད་ཡིན།

      རྒྱུས་ལོན་པ་ལྟར་ན། རིག་གནས་ཐོན་སྐྱེད་བདག་དབང་ལ་སྲུང་སྐྱོང་དང་། སྤྱི་ཚོགས་ཁོར་ཡུག་གཙང་བསྒྱུར། སྤྱི་ཚོགས་ཀྱི་ངང་ཚུལ་ལེགས་པོ་ཞིག་བསྐྲུན་ཆེད། ཐེངས་རྗེས་མར། མཛོད་དགེ་རྫོང་གིས་སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་སྐྱོང་རྣམ་པ་གསར་གཏོད་ཀྱིས། ཁྲིམས་ལྟར་གྱོད་དོན་བསྒྲུབ་པའི་ལས་སྟོབས་ཆེ་རུ་བཏང་སྟེ། པར་དབང་དང་འགལ་བར་བསྐྱར་དཔར་བྱས་པའི་བརྗོད་གཞི་གལ་ཆེན་རིགས་ཀྱི་པར་སྐྲུན་ཡིག་རིགས་དང་། སློབ་དེབ་དང་འབྲེལ་ཡོད་རྒྱུ་ཆ། བྲིན་ཆེ་བའི་དཔེ་ཆའི་སོགས་ལ་ཞིབ་བཤེར་ནན་མོ་བྱ་རྒྱུ་གཙིགས་སུ་འཛིན་རྒྱུ་རེད། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།