ཞི་ཅིན་ཕིང་གིས་སི་རི་ལན་ཁའི་ཙུང་ཐུང་དང་ཞལ་པར་བསྐྱོན་པ།

རྩོམ་པ་པོ།   དུས་ཚོད།   2020-05-14   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།

          སྤྱི་ཟླ་5པའི་ཚེས་13ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སི་རི་ལན་ཁའི་ཙུང་ཐུང་ཀེ་ཐ་པ་ཡ་ཡིས་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད་པ་རེད།

          ཞི་ཅིན་ཕིང་གིས། ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་མཚམས་སུ། སི་རི་ལན་ཁའི་སྤྱི་ཚོགས་ལས་རིགས་ཁག་ནས་ཀྲུང་གོར་རྒྱབ་སྐྱོར་གང་ལེགས་གནང་བ་དང་། མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་བཏོད་ཡོད།  ཁྱེད་རང་གི་འགྱུར་སྟོབས་ཆེའི་འགོ་ཁྲིད་འོག སི་རི་ལན་ཁར་རིམས་ནད་འགོ་ཁྱབ་འགྲོ་རྒྱུ་བཀག་འགོག་ནུས་ལྡན་ཐུབ་ཡོད། ཀྲུང་གོས་སི་རི་ལན་ཁའི་དགོས་མཁོ་ལྟར། མུ་མཐུད་ནས་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་དང་རང་ནུས་ཅི་ལྕོག་གིས་རོགས་རམ་མཁོ་འདོན་ཞུ་འདོད་ཡོད། སི་རི་ལན་ཁའི་མི་དམངས་རྣམས་སྔ་ཙམ་རིམས་ནད་ལས་ཐར་ཐུབ་པའི་ཡིད་ཆེས་ཡོད། སི་རི་ལན་ཁའི་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་རིང་སི་རི་ལན་ཁར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་ལྟ་རྟོག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོར་ཡོད་པའི་སི་རི་ལན་ཁའི་སྤྱི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ལ་ཀྲུང་གོས་མུ་མཐུད་ནས་འགན་སྲུང་མཁོ་འདོན་བྱ་རྒྱུ་ཡིན། ཀྲུང་གོས་སི་རི་ལན་ཁ་སོགས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་ཁྲིད་ནུས་པ་འདོན་སྤེལ་བྱ་རྒྱུར་མུ་མཐུད་ནས་རྒྱབ་སྐྱོར་ཞུ་རྒྱུ་དང་། རྒྱལ་སྤྱིའི་མཉམ་འགོག་མཉམ་སྡོམ་མཉམ་ལས་ལ་སྐུལ་འདེད་གཏོང་བ་བརྒྱུད། ཕྱར་བ་གྲུ་འདེགས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་དང་འབྲེལ་ཡོད་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱ་འདོད་ཡོད་ཅེས་གསུངས་པ་དང་།

          ཞི་ཅིན་ཕིང་གིས། ཀྲུང་གོ་དང་སི་རི་ལན་ཁ་ནི་ཕན་ཚུན་དབར་ལྷག་བསམ་དག་པའི་རོགས་པ་དང་། མི་རབས་ནས་མི་རབས་བར་མཛའ་བརྫེའི་འཐབ་ཇུས་མཉམ་ལས་བྱེད་པའི་རོགས་ཟླ་ཡིན། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་བྱ་རྒྱུ་དེ་ནི་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐུབ་པ་ཡོད། ད་རེས་རིམས་ནད་ལ་མཉམ་དུ་འགོག་རྒོལ་བྱེད་པ་དེས་མཛའ་གྲོགས་སྔར་བས་ཟབ་ཏུ་ཕྱིན་པ་དང་། ཕྱོགས་གཉིས་པོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྔོན་འགྲོའི་འོག རིམ་པ་བཞིན་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་སླར་གསོ་དང་། མཉམ་ལས་རྣམ་གྲངས་གལ་ཆེན་དག་ལ་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་བཏང་ཐོག རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོ་པོའི་སྒོ་ནས་མཉམ་འཛུགས་བྱེད་པར་སྐུལ་འདེད་གཏོང་དགོས། འདིས་སི་རི་ལན་ཁའི་དཔལ་འབྱོར་བསྐྱར་གསོ་ཡོང་རྒྱུར་རོགས་འདེགས་ཐུབ་རྒྱུ་རེད་ཅེས་གསུངས་ཡོད།

         ཀེ་ཐ་པ་ཡ་ཡིས། ཁྱེད་ཀྱི་ཞུམ་པ་མེད་པའི་འགོ་ཁྲིད་འོག ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། ཀྲུང་གོའི་མི་དམངས་ཀྱི་རྨད་བྱུང་གི་བློ་རིག་དང་སྟོབས་ཤུགས་མངོན་ཡོད། སི་རི་ལན་ཁ་དང་ཀྲུང་གོའི་མཛའ་གྲོགས་ཀྱི་ལོ་རྒྱུས་རིང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་བདེ་བླག་ངང་སྐུལ་འདེད་གཏོང་བཞིན་ཡོད། དུས་ཡུན་རིང་པོའི་ནང་། ཀྲུང་གོས་སི་རི་ལན་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་འབོར་ཆེན་གནང་ཡོད་པས། སི་རི་ལན་ཁའི་མི་དམངས་ཀྱིས་བཀའ་དྲིན་སྙིང་དབུས་སུ་བཅངས་ནས་ཡོད། ཁྱེད་ཀྱིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་ལ་ང་རང་ནས་བསྔགས་བརྗོད་ཞུ་གི་ཡོད། ཁྱེད་རང་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཆེད་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་ཞུ་དགོས་ཞེས་གསུངས་པར་མོས་མཐུན་ཡོད། སི་རི་ལན་ཁས་ཀྲུང་གོའི་དབར་དཔལ་འབྱོར་ཉོ་ཚོང་དང་། ཡུལ་སྐོར། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཁོ་ལུན་ཕོ་གྲུ་ཁའི་གྲོང་སོགས་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་རྣམ་གྲངས་གལ་ཆེན་ལ་བདེ་བླག་ངང་སྐུལ་འདེད་གཏོང་འདོད་ཡོད་པས། ཀྲུང་གོའི་ཁེ་ལས་དེ་བས་མང་བས་སི་རི་ལན་ཁར་བསྐྱོད་ནས་མ་འཇོག་མཉམ་ལས་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། སི་རི་ལན་ཁས་ཀྲུང་གོ་དང་ལྷན་དུ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།  

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།