ཆུ་མཆུག་གི་སྨུག་པར་འདྲེས་པའི་སེམས་གཅོང་།

རྩོམ་པ་པོ།   དངོས་གྲུབ་ཚེ་བརྟན།དུས་ཚོད།   2020-05-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       ཕ་ཡུལ་དུ་དཔྱིད་ཀའི་གནམ་ངོར་བློ་གཏད་མེད་ཅེས་པ་ཞིག་ཡོད།དེ་བས་ཀྱང་ཆུ་མཆུག་གི་གནམ་ངོར་དབྱར་དགུན་གང་ལའང་བློ་གཏད་རུང་བ་མིན་ཏེ། ཆུ་མཆུག་གྲོང་རྡལ་དུ་འོང་མཁན་ཞིག་ཡིན་ཚེ།ཆར་གདུགས་ནི་མ་བཟུང་ཐབས་མེད་ཀྱི་ཡོ་བྱད་དུ་ཆགས་ཡོད། སྔ་དྲོར་ཉི་མ་སེར་གྱི་ལེར་ཉིན་གང་བོར་ཚ་བས་འཇོམས་ལ་ཁད་ཅིག་བྱེད་པའི་སྣང་བ་ཤར་ནའང་།ཉིན་གུང་ཡོལ་ཙམ་གྱིས་ཆར་ཞོད་དྲག་པོ་བབས་ཏེ། ལུས་འདར་སིག་སིག་ཏུ་གཏོང་བར་བྱེད། དེ་བས་ཆུ་མཆུག་གི་གནམ་ངོར་བློ་གཏད་མེད་ཅེས་བཤད་ན་ལྷག་པར་འགྲིག་པ་ཞིག་ཡིན།

        རེས་འཁོར་དུ་གཞུང་ལམ་བརྒྱུད་དེ་འོངས་ན་ཐོག་མར་ཁྱེད་ཀྱི་མིག་ལམ་དུ་མངོན་པར་འགྱུར་བ་ནི་སྲོལ་རྒྱུན་གྱི་བཟོ་བཀོད་མཛེས་པའི་ཆུ་མཆུག་གི་གནའ་གྲོང་དེ་ཡིན།གྲལ་འགྲིག་པའི་ཁང་བརྩེགས་རེ་རེ་ལས་གནའ་མི་ཚོའི་ཤེས་རབ་མངོན་ཞིང་། ང་ཚོའི་བློ་ཁོག་ཏུ་ཤོངས་དཀའ་བའི་སྣང་བའང་སྟེར།གནའ་གྲོང་དེ་ནི་གཡས་ཕྱོགས་ཀྱི་རི་རྩར་ཆགས་ཡོད་ལ། ཞོལ་དུ་ཆུ་བོ་ལྷུང་ལྷུང་དུ་འབབ་ཅིང་།ཆུ་བོའི་གཡས་འགྲམ་དུ་ཆུ་མཆུག་སློབ་འབྲིང་ཡོད། ཚུར་ཟམ་ཆེན་དུ་བུད་ན་ཟ་ཁང་དང་ཚོང་ཁང་།སྐྲ་བཞར་ཁང་། ཆང་ཁང་སོགས་ཡོད། གཟའ་མཇུག་ལ་སྲང་ལམ་ཆུང་ཆུང་དེའང་འུར་ཟིང་དང་མི་ཚོགས་ཀྱིས་ཁེངས་ནས་ཡོད་ཅིང་།སྲང་ལམ་གྱི་སྦྱིན་བདག་རྣམས་ཚོང་འདུས་སྣ་ཚོགས་ལ་བྲེལ་ཟིང་འ་འུར་དུ་གྱུར་ཡོད། དེ་ནས་ཡར་སོང་ན་རྔ་བ་དགེ་འོས་སློབ་གླིང་གི་ཤར་སྒོ་མཐོང་ཐུབ་པ་དང་།སྒོ་འགྲམ་ན་སིལ་ཏོག་འཚོང་མཁན་དང་གླ་གཏོང་རླངས་འཁོར་མང་པོས་མགྲོན་པོ་དག་ལ་སྒུག་ཡོད།

        དབྱར་ཁར་ལྗོངས་རྒྱུ་བ་མང་པོ་དེ་གར་འོངས་ནས་པར་ལེན་པར་བྲེལ་གྱིན་འདུག་ལ།ཆུ་མཆུག་གྲོང་རྡལ་གྱི་ལོ་ལོན་ཚོ་ནི་ནམ་ཡང་ལྷོད་དལ་བག་ཕེབས་ངང་རྩེད་ཤོག་དང་འགྲིག་ཤོས་ཉི་མ་སྐྱེལ་གྱིན་ཡོད།ཆུ་མཆུག་ནི་སྔར་བོད་ཀྱི་ས་ཡིན་ཞེས་པ་དེའང་དངོས་གནས་བདེན་པར་འདོད་དེ། ཆུ་མཆུག་དང་བར་ཐག་ལེ་དབར་བཅུ་གྲངས་ཀྱི་སར་བོད་མིང་དུ་འབོད་པའི་སྡེ་བའང་ཡོད།མི་དེ་ཚོ་དང་ཁ་བརྡ་བྱེད་དུས་ཁོ་ཚོས་ཀྱང་རང་གི་མེས་པོ་རྣམས་བོད་ཀྱི་མཐའ་མཚམས་སྲུང་བའི་སྲུང་དམག་ཡིན་ཞེས་འགྲེལ་བཤད་བྱེད་ལ།སྲོང་བཙན་སྐབས་ཀྱི་ལོ་རྒྱུས་ཐར་ཐོར་རེ་སློབ་གྲྭ་འགྲིམས་མ་མྱོང་བའི་ཡུལ་མི་དག་གི་ངག་ནའང་ཐོས་རྒྱུ་འདུག

         ང་རང་ཆུ་མཆུག་ཏུ་འོངས་ནས་ཏག་ཏག་ལོ་ངོ་གཉིས་འགོར་ཡོད།ལོ་ངོ་གཉིས་པོ་དེ་ནི་ངས་ཆུ་མཆུག་ནས་ཕ་ཡུལ་གྱི་རི་གྲོང་དང་སྒོ་ཁྱི། ཁ་བ་དང་རྩྭ་ཐང་དྲན་པའི་ལོ་ཟླ་སྨུག་པོ་དེ་ཡིན།ཆར་བ་ཐན་ཐུན་དེ་དག་འབབ་ཐེངས་རེར་ངས་ཐེངས་མང་པོར་ཁེར་བུར་འཇའ་ཚོན་ལ་སྒུག་པ་ཡིན། འོན་ཏེ།ཆུ་མཆུག་གི་སྨུག་པ་ནི་དྭངས་པར་མི་འགྱུར་བ་ཞིག་རེད། ཕ་ཡུལ་ནི་ངའིི་སེམས་རྩར་ལྷུངས་པའི་ཆུ་མཆུག་གི་དྲན་ཤིང་ཐ་མ་དེ་ཡིན་ཞིང་།ལོ་ངོ་མང་ཙམ་འགོར་རྗེས་ཤིག་ལ། ངས་ཕ་ཡུལ་ནས་ཆུ་མཆུག་ཀྱང་དྲན་སྲིད་མོད། དེ་ནི་ཕ་ཡུལ་དྲན་པ་བཞིན་གཏིང་མི་ཟབ་ཅིང་།རྒྱུས་ཡོད་པ་ཞིག་ཡིན་མི་སྲིད་དེ། ཁ་དཔེར། རང་ཡུལ་གད་པ་ཡིན་རུང་སྐྱིད་ཅེས་བཤད་པ་རེད།མི་རྒས་ན་ཡུལ་དང་བྱ་རྒས་ན་ཚང་ཞེས་པའི་དཔེ་ལྟར། མི་སུ་ཡིན་ཡང་རང་གི་ཕ་ཡུལ་ནི་ཆེས་མཐའ་མའི་སེམས་ཀྱི་གནས་མལ་དྲོད་ལམ་ལམ་དེ་ཡིན།

        ལྷ་བྱམས་རྒྱལ་གྱི་《པེ་ཅིང་གི་བོད་མི》རུ་ཚིག་འདི་འདྲ་ཞིག་བྲིས་ཡོད་དེ།གལ་ཏེ། ནམ་ཞིག་ཁོ་རང་གནས་འདི་དང་གྱེས་ཚེ། དེ་ནི་རྒྱུ་མཚན་གཞན་ཞིག་གི་རྐྱེན་ཡིན་པ་ལས།དུག་སྨུག་ལ་གཡོལ་བ་ཡེ་ནས་མིན། ཞེས་བྲིས་འདུག དེ་ནི་སྐུ་ཞབས་དོན་གྲུབ་རྒྱལ་མཆོག་གིས་རྒྱལ་ས་པེ་ཅིང་ནས་ཕ་ཡུལ་དྲན་པའི་འདུན་པ་འགོག་ཐབས་རང་མི་འདུག་ཅེས་གསུངས་པ་དང་ཨ་ན་མ་ན་རེད།དོན་དུ་ངས་ཀྱང་ཆུ་མཆུག་ལ་སྨུག་སྤྲིན་འཐིབས་ཀྱང་ཕ་ཡུལ་གྱི་སྔོ་ཞིང་དྭངས་པའི་ནམ་མཁའ་དང་།མཐོ་ཞིང་བརྗིད་པའི་རི་ཚོགས་དང་། ཡངས་ཤིང་ཆེ་བའི་ས་གཞི་དང་།དྭངས་ཤིང་གཙང་བའི་ཆུ་བོ་སོགས་དུས་གཏན་དུ་སེམས་ཀྱིས་མཐོང་གིན་ཡོད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།