སེམས་ཀྱི་པོ་ཏ་ལ།

རྩོམ་པ་པོ།   ཨ་མདོ་པ་ཀརྨ་དགེ་འཕེལ། དུས་ཚོད།   2020-05-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

པོ་ཏ་ལ།

འགྱུར་བ་མེད་པའི་དངུལ་ཆུ་ཁྲོ་རྫོང་།

དུང་གི་སྤྱན་རས་གཟིགས་ཀྱིས་བགྲེང་ཕྲེང་བྱུག་ས།

བྱུ་རུའི་ཚེ་དཔག་མེད་ཀྱིས་ཏིང་འཛིན་སྒོམ་ས།

ལྕགས་ཀྱི་ཕྱག་ན་རྡོ་རྗེས་མཐུ་སྟོབས་ངོམ་ས།

ཨོ་ཧོ་ཧོ། ང་ཡི་ཡབ་ཆེན་ཚོའི་བཙན་རྫོང་སྒོ་མེད།

ཁྱོད་ནི་འཛམ་གླིང་ན་འཕགས་པའི་གསེར་གྱི་བདུད་འདུལ་མཆོད་རྟེན་ཡིན།

པོ་ཏ་ལ།

འགྱུར་བ་མེད་པའི་དངུལ་ཆུ་ཁྲོ་རྫོང་།

གསེར་གྱི་ལྷ་དབང་བརྒྱ་བྱིན་ཁྲི་ལ་འཁོད་ས།

འཕྱོང་གི་ཚངས་པ་དཀར་པོས་གསོལ་ཇ་བཞེས་ས།

གཡུ་ཡི་སྒྲོལ་མ་ལྗང་མོས་ལ་གཞས་འགུགས་ས།

ཨོ་ཧོ་ཧོ། ང་ཡི་ཡབ་ཆེན་ཚོའི་བཙན་རྫོང་སྒོ་མེད།

ཁྱོད་ནི་འཛམ་གླིང་ན་འཕགས་པའི་གསེར་གྱི་བདུད་འདུལ་མཆོད་རྟེན་ཡིན།

པོ་ཏ་ལ།

འགྱུར་བ་མེད་པའི་དངུལ་ཆུ་ཁྲོ་རྫོང་།

སྟག་གི་མཆེ་བ་རྣོན་པོ་ཟིང་ངེར་རྒྱས་ས།

འབྲོང་གི་རུ་ཐུར་སྨུག་པོ་སྒོར་རེར་ཡག་ས།

ཉི་ཟླའི་རྡོ་རིང་འོད་ཟེར་ལམ་མེར་བཞུགས་ས།

ཨོ་ཧོ་ཧོ། ང་ཡི་ཡབ་ཆེན་ཚོའི་བཙན་རྫོང་སྒོ་མེད།

ཁྱོད་ནི་འཛམ་གླིང་ན་འཕགས་པའི་གསེར་གྱི་བདུད་འདུལ་མཆོད་རྟེན་ཡིན།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།