སྒའི་སྐོར་བཤད་པ།

རྩོམ་པ་པོ།   ཚངས་དབང་དགེ་འདུན་བསྟན་པ།དུས་ཚོད།   2020-05-11   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས།

གསེར་སྒ།

             སྲིད་པ་བོད་ཀྱི་ཁ་དཔེ་ལ།  སྒ་ཕ་གཞིས་ཡིན་པས་ཉར་དགོས།། ཁལ་མགྲོན་པོ་ཡིན་པ་སླེབས་ཡོང་།།  ཞེས་པ་བཞིན་སྒ་ནི་ནང་ནོར་གཡང་རྟེན་ཞིག་ཏུ་བརྩི་གིན་ཡོད་པས།  རྟ་བཙོངས་ཀྱང་སྒ་མི་བཙོང་།།  བྱ་བ་དང་།  རྟ་ལ་དགའ་ན་སྒ་ལ་དགའ།  ཞེས་པ་སོགས་ཀྱི་གཏམ་དཔེ་དེ་དག་བྱུང་བ་རེད་ལ།  གཏམ་དཔེ་དེ་དག་གི་ཤུགས་ན་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གསོན་ཉམས་ལྡན་པ་མང་དུ་སྣང་ཡང་།  ང་ཚོས་བསམ་པའི་འཁྱེར་སོའི་དབང་གིས་དེའི་སྐོར་ལ།  དེ་འདྲའི་དོ་སྣང་ཆེན་པོ་བྱེད་ཀྱིན་མི་འདུག  སྤྱིར་བོད་ཀྱི་སྒ་བྱུང་ཚུལ་དང་ཡོབ་བྱུང་ཚུལ་གཉིས་ཀྱི་ལོ་རྒྱུས་ལ་གཞིགས་ན་ཡོབ་ལས་སྒ་བྱུང་བ་སྔ་བ་ནི་ཧ་ཅང་བདེན་པ་རེད།  བོད་བཙན་པོའི་དུས་སུ་བོད་ཀྱི་དམག་ཆས་ཨེ་ཤ་ཡང་དཀྱིལ་མའི་ཡང་རྩེར་སླེབས་ཞེས<<.ཐང་ཡིག་གསར་རྙིང་>>སོགས་སུ་བཤད་ཅིང་།  དེ་ཡང་གྲི་མདུང་གཅིག་པུ་ཙམ་ལ་བཤད་པ་མིན་ཏེ།  གཙོ་བོ་སྒ་ཡོབ་དང་ཁྲབ་རྨོག་སོགས་སྤྱི་ལ་བཤད་པ་དང་།  སྒོས་སུ་གོང་དུ་བརྗོད་པའི་དམག་ཆས་དེ་རྣམས་ཀྱི་སྤུས་ཚད་མཐོ་ཞིང་བཙན་འགོག་གི་ནུས་པ་ཤིན་ཏུ་ཆེ་བས་དེ་ལྟར་བཤད་པ་རེད།  དེའི་ཕྱིར་ང་ཚོས་བཙན་པོའི་སྐབས་སུ་བོད་འདི་དར་རྒྱས་ཆེན་པོ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི།  སྐབས་དེའི་རིག་གཞུང་དང་བཟོ་ལས་ལག་རྩལ་ལ་ཐད་ཀར་འབྲེལ་བ་ཡོད་པ་ཐུག་པ་ལས།  ཡོད་ཚད་སྤྲུལ་བའི་གང་ཟག་གིས་སྤྲུལ་བའི་བཟོ་བོ་ཚོས་བཟོས་པར་བཤད་པ་དེ་འདྲ་ཞིག་ག་ལ་ཡིན།  དེ་ལྟའི་བཤད་ཚུལ་ནི་མི་དབང་ཚོ་ལ་ཆེ་བ་བརྗོད་པའི་ཆེད་ཙམ་ཡིན་པ་ཚང་མས་ཤེས་གསལ་ནང་བཞིན་རེད།  སྤྱིར་ན་བོད་ཀྱི་སྒ་ལ་དམངས་ཁྲོད་དུ་ཤར་སྒ་དང་།  མི་ཉག་སྒ།  བོད་སྒ་གསར་མ།  ཧོར་སྒ།  རྒྱ་སྒ།  འབྲུག་སྒ།  འཇང་སྒ། རོང་སྒ་སོགས་དབྱེ་བ་བརྒྱད་ཙམ་གྱི་བཤད་ཚུལ་འདུག་པ་དེ་དག་ཡིན།  ཡུལ་ལུང་གི་དབང་དུ་བྱས་ནས་བཤད་པ་འདྲ། 

དཀར་མཛེས་ཁུལ་དངོས་མིན་ཤུལ་བཞག་རིག་གནས་འགྲེམ་སྟོན་ཁང་དུ་ཉར་བའི་རྟ་སྒ།  དུས་རབས15པ།

           བཀྲ་ཤིས་རྣམ་རྒྱལ་གྱི་མཛད་པའི་<<འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དཔྱད་དོན་གསལ་བའི་སྒྲོན་མེ>>ལས།

           སྒ་ལ་ཧོར་སྒ་རྒྱ་སྒ་དང་།།

           བོད་ཀྱི་སྒ་དང་རྣམ་པ་གསུམ།།

           ཧོར་སྒ་ཕྱི་རུ་སྔ་རུ་སྙོམས།།

           སྒ་རྒྱབ་ཟླུམ་ཞིང་སྔ་རུ་ཡི།།

           དཔུང་བ་ཅུང་ཟད་རྒྱས་པ་དང་།།

           སྒ་གདན་བར་དུ་གསང་འབྱུང་ཞིང་།།

           རྒྱ་སྒ་བོད་སྒ་སྔ་རུ་ཐོད།།

           སྒ་ཁྱིམ་ཆེ་ཞིང་ཡངས་པ་ཡིན།།

           སྔ་རུའི་ཟུར་གཉིས་ཞུམ་པ་ལ།།

           སྒ་ཁྱིམ་ཆུང་བ་སོ་མ་ཡིན།།

           བཙུན་མོ་སྒ་ནི་སྔ་རུ།།

           དཔུང་ཟུར་གཉིས་པོ་ཐོན་པ་ལ།།

           སྒ་ཁྱིམ་ཆེ་བ་ཞིག་ལ་ཟེར།།

           བོད་ཀྱི་སྒ་ལ་ཤར་སྒ་ནི།།

           སྒ་ཁྱིམ་ཆུང་ཆེ་སྔ་རུ་ཙོང་།།

           མི་ཉག་སྒ་ནི་དེ་བས་ཆུང་།།

           དེ་ལ་དཔེ་ཆེན་དཔེ་ཆུང་གཉིས།།

           བོད་སྒ་བར་མ་རྒྱ་ཧོར་ལ།།

           དཔེ་བྱས་སྤྱི་རིག་འབྱུང་བར་སྣང་།།

           རྒྱ་ཧོར་སྒ་ལ་སྤེན་མ་དང་།།

           བླ་རོག་ཞོང་ཤ་ཛ་བོ་ཤིང་།།

           གུལ་གོག་དང་ཤིང་ལ་སོག་པ།།

           རྒྱུ་ཡི་དབྱེ་བ་སྤྱི་རིགས་འབྱུང་།།

           ཁྱད་པར་རྒྱ་ལ་སོ་སྒྲིགས་པའི།།

           སོ་སྒ་ཞེས་པ་འབྱུང་བར་སྣང་།།

           ཞེས་སྒ་ལ་རྣམ་པ་གསུམ་ཙམ་ལ་འཁོད་མི་འདུག་པ་ནི་ཧ་ལམ་སྤྱི་དོན་ཙམ་ཞིག་བཤད་པ་ཨེ་ཡིན་སྙམ།  གོང་འཁོད་ཀྱི་སྒ་དེ་དག་གི་ཁྱད་པར་དང་ཁྱད་ཆོས་མདོ་ཙམ་བཤད་ན།  ཤར་སྒ་ནི་སྒ་ཁྱིམ་ཅུང་ཆེ་ཞིང་།  མི་ཉག་སྒ་ནི་དེ་བས་ཆུང་བར་བཤད།  ཧོར་སྒ་ཕྱི་རུ་སྔ་རུ་སྙོམས་ཤིང་སྒ་རྒྱབ་ཅུང་ཟླུམ།  སྔ་རུའི་དཔུང་བ་ཅུང་ཟད་རྒྱས།  རྒྱ་སྒ་སྔ་རུ་མཐོ་ཞིང་སྒ་ཁྱིམ་ཆེ་བ་དང་།  སྔ་རུའི་ཟུར་གཉིས་ཞུམ་པ་ཡིན།  ཞེས་པ་བཞིན་ནོ།།  ལར་འདིའི་སྐབས་ཀྱི་ཤར་སྒ་བྱ་བ་ནི།  མགོ་ལོག་སྨར་ཁོག་དང་རྒྱལ་རོང་བཅས་ཀྱི་ས་ཁུལ་ནས་བྱུང་བའི་སྒ་ལ་ཟེར་ཞིང་།  མི་ཉག་སྒ་ནི།  ཐོག་མི་དུས་དེང་གི་ཉིང་ཞ་ས་ཁུལ་ན་དར་བའི་སྒ་ལ་ཟེར་བ་ཡིན་ཡང་།  ཕྱིས་སུ་དར་རྒྱས་དབང་གི་མང་ཆེ་ཤས་ཙོང་ཁའི་ཡུལ་གྱི་སྒ་ལ་བཤད་པ་ལས་མི་ཉག་རྒྱལ་རྒོད་ཀྱི་མི་ཉག་ཉིང་ཞ་སོགས་ལ་མི་གོ<<འཇིག་རྟེན་ལུགས་ཀྱི་བསྟན་བཅོ་ལས་དཔྱད་དོན་གསལ་བའི་སྒྲོན་མེ>>བྱ་བའི་དཔེ་ཆ་འདི་ནི་བྲིས་མ་དཔེ་རྙིང་ཞིག་ཡིན་ཕྱིན།  ཚིག་གང་ལ་ལ་ནི་མི་གསལ་བ་དང་།  ཡང་ན་ཡིག་ནོར་ཡང་མང་ཙམ་སྣང་ཡང་མ་ཡིག་སོར་བཞག་པ་ལས་རང་དགར་སྒྱུར་བཅོས་བྱས་མེད། 

           ཧོར་སྒ་བྱ་བ་ནི་གཙོ་བོ་སོག་པོའི་སྒ་ལ་གོ་ཞིང་།  དེ་དང་ཆ་འདྲ་བའི་སྒའི་རྣམ་པ་ཡུལ་སོ་སོ་ནས་བཟོས་པ་དེ་ལ་ཟེར།  རྒྱ་སྒ་ནི་རྒྱ་ནག་གི་སྒ་དཔེར་བླངས་ནས་བཟོས་པའི་སྒ་ལ་ཟེར།  ཉེ་ཆར་གཏེར་ལམ་རྫོང་གི་ས་འོག་ན་བུད་པའི་གསེར་སྒ་ཅི་རིགས་ཤིག་ད་ལྟ་ཨ་རི་རྒྱལ་ཁབ་སོགས་སུ་ཐོན་ཏེ།  དེ་དག་གི་གནའ་དཔྱོད་དུས་དེབ་ཁག་ཏུ་འཁོད་ཡོད་པའི་ངོས་སུ་རི་མོ་ཅི་རིག་ས་ཕབ་འདུག་  གསེར་སྒའི་སྔ་རུའི་ནང་ལོགས་སུ་རང་རང་གི་ཐོབ་ཐང་མཚོན་པའི་ཡི་གེ་བོད་ཡིག་གསལ་པོ་ཡོད་པ་ཞིག་ཀྱང་མཐོང་མྱོང་ངོ་།། 

           འཇིང་སྒའམ་འཇང་སྒ་ནི།  སྔོན་བོད་ཀྱི་ཡིག་ཚང་ཁག་ཏུ་འཇང་ས་ཐམ་རྒྱལ་པོས་དབང་བསྒྱུར་བའི་ས་ཁོངས་ན་དར་བའི་སྒ་ཟེར་ཞིང་།  ད་སྐབས་བཤད་ན།  ལི་ཅང་གྲོང་ཁྱར་བྱ་བ་དེ་རེད།  ཡུལ་དེ་ནས་རྒྱལ་ཐང་དང་བདེ་ཆེན།  ཆ་ཕྲེང་སྨར་ཁམས།  སྡེ་རོང་འབའ་ཐང་བཅས་ལ་དར་ཅིང་།  དེ་ནས་བོད་ཡུལ་གྱི་ས་ཁུལ་གཞན་དག་ལ་དར་འཕེལ་བྱུང་།  ཕྱིས་སུ་དེ་ནས་དར་བའི་སྒ་ལ་དཔེར་བླངས་ནས་བཟོས་པའི་རིགས་ལ་འཇང་སྒ་ཟེར་ཏོ།།  སྒའི་རྒྱུ་ཆ་ལའང་བཤད་ཚུལ་དུ་མ་ཞིག་ཡོད་དེ།  གོང་དུ<<དཔྱད་དོན་གསལ་བའི་སྒྲོན་མེ>>ཡི་ནང་དུ།  སྒ་ཤིང་རྒྱུ་ཆ་ལ་སྤེན་མ་དང་། བླ་རོག་དང་།  ཞོང་ཤ   ཛ་བོ་ཤིང་།  གུལ་གོག་ སོགས་འཁོད་ཡོད།  བླ་རོག་དང་ཞོང་ཤ་བྱ་བ་ཤིང་སྡོང་གང་ལ་གོ་བ་ལེན་དགོས་པ་ངོས་ཟིན་མ་བྱུང་།  གཞན་རྣམས་ཤེས་ནུས།  འོན་ཏེ།  དེང་སང་བོད་ཡུལ་དུ་བཟོས་པའི་སྒ་ཤིང་མང་ཤོས་སྟག་ཡ་ཡིན་པ་མཐོང་ཞིང་།  དུར་ལམ་རྫོང་ནས་བུད་པའི་སྒ་ཤིང་ཤུག་པ་ཁྱབ་ཆེ་བས་སྒ་ཤིང་གི་རྒྱུ་ཆ་ལ་གཏན་འཁེལ་རང་བཞིན་ཞིག་བྱུང་མེད་དམ་སྙམ།  སྤེན་མ་ལ་སྤེན་དར་དང་སྤེན་ནག་གཉིས་ཡོད་ལ།  སྤེན་དཀར་ལ་མེ་ཏོག་དཀར་པོ་འདབ་མ་ལྔ་ཅན་དང་།  སྤེན་ནག་ནི་མེ་ཏོག་སེར་པོ་འདབ་མ་ལྔ་ཅན་ཞིག་ཡིན་ནོ།  །

དཀར་མཛེས་ཁུལ་དངོས་མིན་ཤུལ་བཞག་རིག་གནས་འགྲེམ་སྟོན་ཁང་དུ་ཉར་བའི་རྟ་སྒ།  དུས་རབས17པ།

           གོང་འཁོད་ཀྱི་ནང་དོན་མདོ་ཙམ་ཞིག་བཀྲ་ཤིས་རྣམ་རྒྱལ་གྱིས་བརྩམས་པའི་<<འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དཔྱད་དོན་གསལ་བའི་སྒྲོན་མེ>>རུ་ཡང་འཁོད་ཡོད་པས།  ང་ཚོས་དཔྱད་གཞིའི་ཚུལ་དུ་དེ་ནང་གི་སྒ་དང་འབྲེལ་བའི་ནང་དོན་འགའ་འདིར་བཀོད་དེ་དཔྱད་པར་བྱ།

           སྒ་ཡི་བྱུང་ཚུལ་བཤད་རྩ་ན།།

           དང་པོ་ཇིང་གེར་རྒྱལ་པོའི་དུས།།

           སྒ་ཡོད་རྟ་མེད་ཅེས་ཀྱང་ཟེར། །

           དེ་ནས་སྤེན་གླང་ཡུལ་དུ་ནི།།

           སྤེན་གླང་དར་མ་ཞེས་བྱ་རུ།།

           དེ་ཡི་རྟ་དག་འཚོལ་དུ་ཕྱིན།།

           མདོ་སྨད་རྨ་ཆུའི་གླིང་ཕུགས་དང་།།

           ཙོང་ཁ་མཚོ་སྔོན་ཐ་སྐོར་བས།།

           འདོ་བའི་རྟ་ནི་དུ་མ་རྙེད།།

           དེ་རྗེས་རྒྱལ་པོའི་ཆིབས་སྒ་བཟོས།།

           གོང་དུ་སྨྲ་པའི་ཤིང་ལས་བྱས།།

           བཟོ་བོ(སྦོམ)གྱི་མི་རྒད་ཡིན།།

           བཟོ་སྔ་འདྲ་དཔེ་བཤད་ཙ་ན།།

           ཡ་ཐོད་རྒྱལ་པོ་འགྱིང་འདྲ་སྟེ།།

           འགྱིང་བའི་ནང་ནས་འཛུམ་པ་ཞིག།

           མ་ཐོད་བཙུན་མོ་བུ་ཁྱེར་འདྲ།།

           དེ་ལ་ཁྱུག་པའི་བདེ་ཉམས།།

           སྤུ་མོ་ཨོལ་གོང་དོགས་པ་ལ།།

           དོག་པའི་ནང་ནས་ཡང་བ་ཞིག།

           སེང་གེའི་དཔུང་འདྲ་དཔུང་པ་འགྲན།།

           འགྲན་པའི་ནང་ནས་འཕྲུལ་བ་ཞིག།

           བྱ་བཞི་ཚང་དུ་ཉལ་བ་འདྲ།།

           བྱེལ་བཞི་གཟན་བུ་འཐུ་བ་འདྲ།།

           ཆུ་བཞི་ཡུར་བ་དྲངས་པ་འདྲ།།

           སྒ་རྒྱུན་སྐར་ཕྲན་ཤར་བ་འདྲ།།

           གོང་ཐག་ཕོ་སར་འཐེན་པ་འདྲ།།

           རྨེད་ནི་ཆུ་སོར་འཇུས་པ་འདྲ།།

           གློ་ནན་སྤོ་ལ་འབྱར་བ་འདྲ།།

           སྔ་སྒྲོམ་འབོལ་གྱི་རྩ་བ་དོག།

           ཕྱི་སྒྲོམ་སྲིན་མོའི་ཐལ་མོ་ཡངས།།

           འདོམས་གང་ཁྲུ་གང་མཐོ་གང་དང་།།

           ཁྱུད་གང་ཆགས་གང་ཚད་དུ་ཡོད།།

           བྱ་རྒྱལ་ཁྱུང་གཤོག་ལྡིང་འདྲ་བའི།།

           མར་སྣ་གློག་འདྲ་ཁྱུག་པ་ཡོད།།

           ཡང་སྣ་སེང་འགྱངས་འདྲ་བའི།།

           ཐབས་ཤེས་གསང་ཐག་ཁྱུག་པ་སྲིད།།

           སྣེ་རིང་མངགས་པའི་ཕོ་ཉ་བདོག།

           མར་སྣ་མགྱོགས་པའི་བང་ཞུམ་པ།།

           འཕྲུ་བཞི་གནམ་ལ་ལྡིང་པ་བཞི།།

           ལྡིང་གཉིས་ས་ལ་འཇར་བ་ཡིན།།

           རྒྱལ་པོ་འདྲ་བའི་འཇམ་པ་ལ།།

           རྫུ་ཐབ......།།

           སྟན་ཤོངས་ཆེ་བས་ཐིག་ལེ་ཟེར།།

           ད་ནི་དེ་ལས་གྱེས་པ་པ་བསྟན།།

           སྤོབ་འབུར་སྒང་དུ་བཟོས་པ་ལ།།

           བ་གླང་ལྔ་ཤེས་བཅུ་ཅུམ་གཉིས།།

           བ་གླང་ལྔ་སྒ་ཞེས་པ་ནི།།

           ལ་ཐོད་ཆུང་བ་ཟླུམ་པ་ལ།།

           ཤིང་ཚན་ཆེ་ཞིང་སྟན་ཚུད་ཆུང་།།

           མི་རྟ་གཉིས་ལ་མི་བྱམས་སོ།།

           དེ་བས་ཆུང་བ་ཤེས་ཅུམ་ཡིན།།

           འཇིང་སྣ་ལྕགས་གཟེར་མ་ཞེས་པ།།

           བློན་པོའི་སྒ་བཞི་གྲགས་པ་ནི།།

           ཡ་ཐོད་མ་ཐོད་རྣམ་པ་གཉིས།།

           ཁུ་ཚུར་བཅང་འདྲ་སྔ་རུ་བས།།

           ཕྱི་རུ་མཐོ་བ་དག་ལ་ཟེར།།

           འཇིང་སྒ་དམར་པོར་གྲགས་པ་ནི།།

           ཡ་ཐོད་ཆུང་ཞིང་མ་ཐོད་རྒྱས།།

           སྔ་སྒྲོམ་དོག་ལ་ཕྱི་སྒྲོམ་ཡངས།།

           གསང་ཐག་ཡོད་པའི་གཞུང་རུས་སྒུར།།

           སྒ་ཡི་ཐ་ཤལ་དག་ཏུ་བཤད།།

           ལུང་པ་བྱང་ཆུབ་མཁར་སྡོད་ན།།

           ཟི་མ་ཤིང་སྒ་མཚན་གྱིས་ནི།།

           ཁྱད་འདོན་བྱས་པའི་སྒ་དག་ནི།།

           བོན་གྱིས་སེ་ལ་ལི་ཞེས་པ།།

           ཁ་ཅིག་རྒྱ་གར་སྒ་ཞེས་འབོད།།

           ལྡོང་རོས་ཀྱི་སྒ་དག་ཀྱང་ཟེར།།

           བྱི་བུན་རྒྱལ་སྒར་དཔེ་བླངས་ནས།།

           ཡ་ཐོད་སྲིན་བྱའི་མགོ་བོ་འདྲ།།

           གྲུ་བཞི་ཤིང་ཚན་ཆེ་བ་ཡིན།།

           མ་ཐོད་འཇིང་གི་སྒ་ནག་འདྲ།།

           ཀྱོང་ཡོད་བློ་བུར་གྱེན་དུ་ལང་།།

           གཡུལ་སྤྲོད་སྒ་ལ་སོ་ཞེས་ཟེར།།

           མི་རྟག་སྒ་ལ་ཡི་གན་ང་ལགས་ནི།།

           ཡ་ཐོད་ཇུས་ཀྱི་མགོ་འཕང་མཐོ།།

           མ་ཐོད་ནོར་གྱི་བླ་དྲི་རྒྱས།།

           སྐེད་པ་ཕོ་མོ་ཤན་འབྱེད་འདྲ།།

           འཕྲུལ་ཁྱིམ་རྣམ་པ་བཞི་རུ་སྲིད།།

           རྒྱུན་ལམ་རྣམ་པ་བཅུ་གཉིས་ཡོད།།

           སྒ་ལག་རྒྱ་བྱའི་གཞུང་འདྲ་ལ།།

           ཕོ་རོག་ཤ་སྐྱུར་བྱེད་འདྲ་ཡོད།།

           གཡག་སྒ་སྔ་ཕྱི་གཉིས་ཀ་ཐུང་།།

           ཕྱི་ཁྱིམ་རྟ་ཡི་དྲུག་མདོ་ཕེབས།།

           གཡག་བཟང་དཔེ་ཆེན་ཞེས་ཀྱང་བྱ།།

           ཆུང་བ་དཔེ་ཆུང་དག་ཏུ་གྲགས།།

           རོང་སྒ་ཞེས་པ་རྒྱབ་རྩུམ་ཅིང་།།

           སྒ་སྐྱ་སྔ་རུ་གཙང་བ་ལ།།

           ཕྱི་རུ་ཆུང་ཞིང་མ་བཞི་ལྡེམས།།

           ཁུག་ཅིང་གཤོག་འཛོམས་རིང་པ་ལ།།

           འདོ་བ་རྟ་ལ་བྱམས་པ་ཡིན།།

           མི་ཆེན་སྒ་རུ་མི་རུང་ཟེར།།

           དེ་དག་བདེ་རྒྱུ་བརྟག་པ་ལ།།

           ཡིན་ཞེས་སྔ་མ་སྒྲོགས་པར་བྱེད།།

           བན་སྒ་དག་ལ་ཡ་ཐོད་དམའ།།

དཀར་མཛེས་ཁུལ་དངོས་མིན་ཤུལ་བཞག་རིག་གནས་འགྲེམ་སྟོན་ཁང་དུ་ཉར་བའི་རྟ་སྒ།  དུས་རབས18།

སྒ་ཁྱིམ་ཆུང་བ་རྒྱའི་ནན་སྒ།།

དེ་ཡི་བངས་ཐོད་ཅང་ཟད་ཉམ།།

གསེར་ཚགས་དངུལ་ཚགས་དག་གིས་སྤྲས།།

          ཞེས་གསལ་ཞིང་། གོང་འཁོད་ཀྱི་ནང་དོན་དེ་དག་ལས་ང་ཚོས་ཤེས་ཐུབ་པ་ནི ། སྔོན་བྱོན་བོད་ཀྱི་མཁས་པ་ཚོས་འཇིག་རྟེན་སྲིད་ལུགས་གྱི་བཟོ་ལས་དང་ལུགས་སྲོལ་བཟང་པོར་དོ་སྣང་དང་གདེང་འཇོག་ཆེན་པོ་བྱས་ཡོད་པ་ཤེས་ཐུབ་བོ།།

          གོང་གི་ནང་དོན་ཇིང་གིར་རྒྱལ་པོའི་སྐབས་སུ་སྒ་གསར་དུ་བྱུང་ཚུལ་འདྲ་བ་ཞིག་བཤད་པ་ནི་མ་དག་གོ བོད་དུ་ས་སྐྱའི་སྐབས་ཕར་ཞོག་བཙན་པོའི་སྐབས་ཀྱི་སྒ་ཡོད་པ་མཚོ་སྔོན་དུར་ལམ་རྫོང་ནས་བུད་པའི་སྒ་ཆས་འདྲ་མིན་ལ་བལྟས་ན་ཤེས་ནུས་པས་མང་དུ་བཤད་ཅི་དགོས། འོ་ན་སྐད་ཆ་དེ་སོག་པོ་རུ་སྒ་དར་ཚུལ་གྱི་གནས་ཚུལ་ཞིག་ཡིན་ནམ་ཟེར་ན། དེ་ཡང་ད་དུང་བཤད་དཀའ་བ་ཞིག་རེད་ཀྱང་འདིར་རྒྱས་པར་མི་གླེང་ངོ་།།

          སྤེན་གླང་བྱ་བ་ནི། འབུམ་གླིང་ཞེས་པ་དེ་ཡིན་ལ། 《ཏུན་ཧོང་གཏེར་ཡིག་》ཏུ་བུམ་ལིང་ཞེས་འཁོད་ཡོད་པ་དང་། རྒྱ་སྐད་དུ་“白兰”དང་ཡང་ན“炳灵”ཞེས་བྲིས་ཡོད། སྐབས་རེར་ས་ཁོངས་ལ་གོ་ཞིང་། མཚམས་རེར་ཚོ་ཁག་ཆེན་པོ་ཞིག་གི་མིང་ཡིན། མི་རྒྱུད་འདི་དག་ནི་ཐོག་མའི་གནས་ས་དེང་གི་ཀན་སུའུ་དང་མཚོ་སྔོན་བཅས་སུ་ཡིན་ཡང་། རིམ་གྱིས་སི་ཁྲོན་ས་ཁུལ་དུ་གནས་སྤོས་པར་བཤད། ཙོང་ཁ་ནི་དེང་གི་ཙོང་ཁའི་སྐྱེས་རི་ལྟེ་བ་བྱས་ཏེ་ཕྱོགས་བཞིར་གནས་པའི་ཚོ་པ་རྣམས་ཡིན་ཞིང་། དེང་གི་ཟི་ལིང་ས་ཁུལ་ནི་སྔོན་གྱི་རྒྱལ་ཁམས་མང་པོའི་རྟ་ཇ་སོགས་ཚོང་འབྲེལ་བྱེད་སའི་ཁྲོམ་ར་ལྟ་བུ་ཡིན་ཕྱིར། རྟ་ཡོད་སར་སྒ་ཡོད་པ་ནི་ཆོས་ཉིད་ཡིན་པས། བོད་ཡུལ་དམངས་ཁྲོད་དུ་ཟི་ལིང་སྒའམ་ཙོང་ཁའི་སྒ་བྱ་བ་དེ་ཡང་ཚོང་འབྲེལ་ལ་ཐད་ཀར་འབྲེལ་བ་ཡོད་པ་བཤད་མ་དགོས་སོ། སྤོབ་འབུར་སྒང་ནི་སྤོ་འབོར་སྒང་དང་དོན་གཅིག་གོ། དེང་སང་བཤད་ན་ལི་ཐང་རྫོང་གི་དགེ་བསྙེན་རི་བོ་ལྟེ་བ་བྱས་ཏེ་དེའི་གཡས་གཡོན་གྱི་ས་ཁུལ་ལ་བཤད་པར་གསལ་ལོ།།

དཀར་མཛེས་ཁུལ་དངོས་མིན་ཤུལ་བཞག་རིག་གནས་འགྲེམ་སྟོན་ཁང་དུ་ཉར་བའི་རྟ་སྒ།

             གཤམ་དུ་སྒ་དང་འབྲེལ་བའི་ཐ་སྙད་འགའ་གླེང་བར་བྱ་སྟེ། སྒ་ཉག་ནི་སྒ་གཞུང་དང་ཧ་ལམ་དོན་མཚུངས་སོ།། སྒ་སྟན་ཟེར་བ་ནི་སྒ་འབོལ་གྱི་སྟེང་ལ་འགེབ་པའི་སྟན་ལ་ཟེར་ཞིང་། མང་ཤོས་གྲུམ་ཙེ་ཡིན། སྒ་ཐག་ནི། སྒའི་གོང་ཐག་དང་གློ་ཐག་བཅས་ལ་ཟེར། སྒ་ཐོད་ནི། སྒའི་ཐོད་པ་ལ་ཟེར་ཞིང་། སྔ་རུ་དང་མ་རུའི་ཐོད་གཉིས་ལ་ཡ་ཐོད་དང་མ་ཐོད་ཟེར། སྒ་མཐོངས་ནི། སྒ་གཞུང་དང་དོན་གཅིག་གོ། སྒ་ལྡེབས་ནི། སྒ་གཞོང་གི་ཕྱོགས་གཉིས་ལ་བཤད་པ་འདྲ། སྒ་འབོར་ནི། སྒ་འབོལ་སྒྲོག་བྱེད་གསེར་དངུལ་སོགས་ཀྱིས་བཟོས་པའི་གཟེར་ཆེན་མགོ་ལེབ་ཅིག་ཅེས་དག་ཡིག་ཁག་ལས་གསལ། ས་ཆ་ལ་ལར་སྒ་ཏིག་དང་། རྟེའུ་ལུང་། ཏིས་ལུང་། ཨ་འགྱོག་སོགས་བཤད་ཚུལ་མི་འདྲ་བ་ཡོད་པ་དེ་ཡིན། སྒ་འབོལ་ནི། སྒ་སྟེང་དུ་འགེབ་སྤྱད་བར་གསེང་ཅན་འབོལ་ལ་ཟེར་བ་འདྲ། སྒ་མིག་ནི། སྒའི་སྔ་རུ་དང་། ཕྱི་རུའི་ངོས་ཀྱི་སྟོང་ཆའི་ཁུང་ཞེས་《བོད་རྒྱ་ཚིག་མཛོད》དུ་གསལ། སྒ་ཡག་ཟེར་བ་ནི། སྒ་གཤོག་གི་སྣེ་མོ་གཉིས་ལ་གོ་ཞིང་། འདིའི་སྣེར་གསེར་ཚགས་ཀྱིས་བཏུམ་པ་སོགས་ཡོད་པ་དང་། འབྲུག་མགོ་དང་པད་མ་རྩ་འཁོར་སོགས་ཀྱི་རི་མོ་ཕབ་ཡོད་པ་མང་ངོ་། སྒ་ཤན་ནི། སྒའི་སྟེང་ལ་གསེར་དངུལ་ལྕགས་གསུམ་གྱིས་ཤན་བཏབ་པ་དེ་ལ་ཟེར་བ་ཡིན་ནམ་སྙམ། སྒ་ཤིང་ནི་སྒ་སྒྲོམ་དང་མཚུངས། སྒ་ཤུབས། འདི་གསེར་སྒ་ཕུལ་དུ་བྱུང་བ་དང་། ཡང་ན་ལོ་རྒྱུས་དང་ལྡན་པའི་སྒའི་རིགས་ལ་ཆེད་དུ་བཟོས་པའི་ཤུབས་ལ་ཟེར་ཞིང་། བཤད་ཚུལ་ཡིན་ན། རྟ་དམག་ལ་འབྲེལ་བ་ཡོད་ཅེས་བཤད། བརྟག་པར་བྱ། སྒ་སྒྲོམ་ནི། སྒ་ཁྱིམ་ཟེར་བ་དོན་གཅིག་ཡིན་ནམ་སྙམ། ས་ཆ་ལ་ལར་སྒ་ཤིང་ཟེར་བ་དང་དོན་གཅིག་གོ། སྒ་གློ་ནི། གློ་བ་ལ་གོ་བ་ཡིན་ནམ་སྙམ་སྟེ། གློ་ལ་གློ་ཆེན་དང་གློ་ཆུང་ཟེར་བ་གཉིས་ཡོད། མདུན་ལ་ཡོད་པ་དེ་ལ་གློ་ཆེན་དང་གཞུག་ཏུ་ཡོད་པ་དེར་གློ་ཆུང་བྱ། གློ་ཆུང་འདིས་མཚམས་རེར་གནོད་པ་བསྐྱལ་བའང་འོང་། ཞེས་གྲགས་སོ། རྨེད། འདི་ལ་བརྡ་རྙིང་དུ་སྙེད་ཀྱང་བྲིས་ཡོད། གསེར་ཚགས་དང་དངུལ་ཚགས་སོགས་ཀྱིས་བཟོས་པའི་སྙེད་ཀྱི་ཕོ་གུའམ། ཡང་ན་སྒའི་རྨེད་འབོར་བ་ཟེར། སྤྱིར་བཏང་བཤད་ན། མདོ་དྲུག་དང་མདོ་བཞི་བཅས་གང་རུང་ཞིང་ཡོང་གིན་འདུག དེ་ལྕགས་ཟངས་སོགས་ཀྱིས་བཟོས་པའི་སྟེང་ལ་གསེར་དང་དངུལ་སོགས་ཀྱིས་བྱུགས་པ་དང་གསེར་དངུལ་ཁོ་ནས་བཟོས་པའི་དེའི་རིགས་ལ་གསེར་ཚགས་དང་དངུལ་ཚགས་ཟེར། མཚོ་སྔོན་དུར་ལམ་རྫོང་དང་གཏེར་ལེན་གྲོང་ཁྱེར་བཅས་ནས་ཐོན་པའི་གསེར་སྒའི་སྔ་རུ་དང་ཕྱི་རུ་གཉི་ཀར་རི་མོ་ཕབ་ཡོད་ལ། རི་མོ་མང་ཤས་སེང་གེ་དང་། གཉན། རྟ་གྱི་ལིང་། མེ་ཏོག་སོགས་ཡིན། དེ་ལས་སྐབས་དེའི་འཚོ་བའི་ནང་དམིགས་བསལ་གྱིས་ཅི་ཞིག་ལ་དགའ་མོས་བགྱིད་པའང་ཤེས་ནུས་སོ། སྒ་ལ་ནང་གསེས་སུ་རྟ་སྒ་དང་། གཡག་སྒ། དྲེའུ་སྒ། གླང་སྒ། བོང་སྒ་སོགས་ཡོད་ལ་རེ་རེའི་ཁྱད་ཆོས་དང་བཟོ་ཚུལ་སོགས་འདིར་ཞིབ་ཏུ་མི་སྤྲོ་བར་བྱ།

           དཔལ་ལྡན་ལྷ་མོའི་དྲེད་སྒའི་སྔ་རུ་ཕྱི་རུ་ལ་མ་མགལ་ཡ་མགལ་དུ་བཤད་པ་ནི། གསང་སྔགས་ཀྱི་སྐབས་སུ་བཤད་པའི་གོ་དོན་ཡིན་པས། དེ་ལ་ནང་དོན་ཁྱད་པར་བ་ཡོད་ཀྱང་། བོད་མི་རིགས་ཀྱི་འཚོ་བའི་གོམས་སྲོལ་ཁྲོད་ཀྱི་སྒ་ཡི་རིག་གནས་མིན་ཕྱིར་དེ་ཡང་འདིར་ཞིབ་ཏུ་མི་གླེང་ངོ་།།

           གོང་འཁོད་ཀྱི་སྒའི་རྣམ་བཤད་མདོར་བསྡུས་འདི་ནི་མཁས་དབང་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པའི་《འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ལས་དཔྱད་དོན་གསལ་བའི་སྒྲོན་མེ་》བྱ་བ་དེ《ཨ་གྲགས་གཟི་རྫོང་།》   《ཧོར་གླིང་གཡུལ་འགྱེད།》དམངས་ཁྲོད་ཀྱི་བཤད་སྲོལ་བཅས་ལ་བསྡུར་ཏེ་བཀོད་པའོ།།

           ཉེ་སྔོན་བོད་ལྗོངས་ཉར་ཚགས་པ་མཐུན་ཚོགས་ཀྱིས་བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་དུ“བོད་ཀྱི་དམངས་སྲོལ་རིག་དངོས་སྤུས་ལེགས་འགྲེམ་སྟོན་”བྱེད་པའི་རིག་རྫས་ཁྲོད་པཎ་ཆེན་སྐུ་ཕྲེང་དགུ་བའི་གསེར་སྒ་ཡིན་ཟེར་བ་ཞིག་བཀྲམ་པ་དེར་སྐད་གྲགས་ཡོངས་སུ་ཁྱབ་པ་དང་། ཨ་རི་ན་བོད་ཀྱི“དམག་ཆས་འགྲེམ་སྟོན་ཁང་”ཞིག་ཡོད་པ་དེའི་ནང་དུ་བོད་ཀྱི་སྒ་དང་དམག་ཆས་སོགས་འཛམ་གླིང་ན་གྲགས་པའི་རིག་རྫས་མང་དུ་བཤམས་ཡོད་པ་དེས་སྔོན་དུས་སུ་བོད་ཀྱི་བཟོ་རིག་ལག་རྩལ་གྱིས་འཛམ་གླིང་གི་དམག་ཆས་སུ་གོ་ས་ངེས་ཅན་ཞིག་བཟུང་ཡོད་པ་མཚོན་ཞིང་། ཉེ་ཆར་བོད་ཀྱི་ཚོང་པ་གྲགས་ཅན་འགས་ཀྱང་གསེར་སྒ་དང་དྲེའུ་སྒ་སོགས་ཁྱད་དུ་འཕགས་པ་ཁ་གཅིག་ཉར་ཚགས་བྱས་ཏེ་སྲུང་སྐྱོབ་བྱེད་པའི་ལས་ཀ་མགོ་བརྩམས་འདུག ཞང་ཀང་དང་ཕྱི་གླིང་སོགས་སུ་བོད་ཀྱི་གསེར་སྒ་ཕུལ་བྱུང་མིན་པའི་གྲས་ནས་ཀྱང་དམངས་སྒོར་ཁྲི་བརྒྱ་དང་ལྔ་བཅུ་ལྷག་ཙམ་གྱི་རིན་གོང་འཕར་བའི་གནས་ཚུལ་བྱུང་བ་སོགས་གང་ཐད་ནས་བོད་ཀྱི་བཟོ་རིག་ལག་རྩལ་ལ་དགའ་ཞེན་ཡོད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་ནི་མིག་མཐོང་ལག་ཟིན་གྱི་གནས་ཚུལ་ཞིག་རེད།

           གཞན་ཉེ་སྔོན་སྨར་ཁོག་གི་གྲྭ་པ་ཞིག་གིས་ཤར་སྒ་འདི་ཇི་ལྟར་བཟོ་ཚུལ་གྱི་ཟིན་བྲིས་གློག་བརྙན་ཞིག་ཕབ་ཡོད་པ་2011ལོའི་ཟླ་8པའི་ནང་དུ་གཉན་པོ་གཡུ་རྩེའི་རི་འདབས་སུ་ཐེངས་དང་པོར་བསྟན་པ་མིག་ལམ་དུ་སྣང་བས། བོད་ཀྱི་སྲོལ་རྒྱུན་གྱི་ལག་རྩལ་རིག་གནས་ལ་འདི་འདྲའི་རྒྱུན་འཛིན་བྱེད་པའི་སེམས་ཤུགས་དང་སྤོབས་པ་མཆིས་པ་ལ་ཞེ་ཐག་པ་ནས་རྗེས་སུ་ཡི་རང་བྱས་པ་ཡིན་ནོ།།

 དཀར་མཛེས་ཁུལ་དངོས་མིན་ཤུལ་བཞག་རིག་གནས་འགྲེམ་སྟོན་ཁང་དུ་ཉར་བའི་རྟ་སྒ།  དུས་རབས19པ།

དཀར་མཛེས་ཁུལ་དངོས་མིན་ཤུལ་བཞག་རིག་གནས་འགྲེམ་སྟོན་ཁང་དུ་ཉར་བའི་རྟ་སྒ།  དུས་རབས20།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།