རྔ་ཁུལ་མཛེས་ལྗོངས།

རྩོམ་པ་པོ།   དུས་ཚོད།   2020-05-11   རྩོམ་ཁུངས།    རྔ་བའི་རྒྱང་སྒྲོག་ཁང་།

རྣམ་ཀུན་བདེ་སྐྱིད་ལྡན་པའི་རྔ་ཁུལ་གྱི།།

རྣམ་མང་མགྲོན་གྱི་སྣང་བ་སྐྱིད་འགུག་པའི།།

རྣམ་པ་དུ་མའི་མཛེས་ལྗོངས་གནས་མཆོག་སོགས།།

རྣམ་གྲངས་ཉུང་ཙམ་འདི་ན་འཚམས་སྦྱོར་ཞུ།།

ཕུན་ཚོགས་ལྷ་ཡི་དགའ་ཚལ་ལ་འགྲན་ཞིང་།།

ཕུལ་བྱུང་གྲགས་པས་ས་ཆེན་ཡོངས་ཁྱབ་པ།།

ཕལ་བའི་ཡིད་ལ་འཆར་ཡང་དཀའ་བའི་ཡུལ།།

ཕ་རོལ་གཞན་དཀོན་གཟི་རྩའི་མཛེས་ལྗོངས་བརྗིད།།

ཁ་བའི་མདངས་འཛིན་རྡོ་ཞུན་ཐེམས་པའི་སྣོད།།

ཁ་དོག་རྣམ་བཀྲའི་དྭངས་གཙང་ཆུ་མཚོ་འཁྱིལ།།

ཁ་མིན་དོན་གྱི་གསེར་མཚོ་འདི་མཐོང་ཚེ།།

ཁ་མིད་བཏུང་ལ་རེ་བས་དབང་མེད་འགུལ།།

ཤེལ་དཀར་ཞུན་མའི་ལྷུན་རྩེ་དགུང་ལ་རེག །

མཚར་སྡུག་ས་འཛིན་ཕྲེང་བས་ཀུན་ནས་འཁྱུད།།

སྔོ་ལྗང་གཡུ་ཡི་ལྗོན་པའི་འོད་པག་ཅན།།

ཤར་ཕྱོགས་དུང་རིའི་གཟི་མདངས་བླ་ན་འཕགས།།

འཛམ་ལྷའི་དཀོར་མཛོད་ར་བར་བྱུང་མིན་ཞིང་།།

འཛམ་གླིང་ནོར་འཛིན་ཡོངས་ན་ཆེས་དཀོན་པ།།

འཛམ་བུའི་གསེར་འདྲའི་རིན་བྲལ་དོམ་ཁྲའི་མཛོད།།

འཛམ་གླིང་གྲགས་འབར་འོ་ལུང་ངོ་མཚར་རྨད།།

རྩི་བཅུད་མེ་ཏོག་བཀྲ་བའི་དྲི་ཞིམ་གྱིས།།

དྲི་འཛིན་དབང་མེད་མགྲོན་དུ་འགུག་པ་དང་།།

འདྲེན་བྱེད་རྒྱང་མདས་ཕ་མཐའ་ཆོད་དཀའ་བ།།

མུ་མཐའ་ཀླས་པའི་སྤང་ལྗོངས་ཁོད་སྙོམ་སྐྱིད།།

མཐོན་པོའི་རྩེ་མོ་སྤྲིན་དཀར་བླ་བྲེར་བསྙེགས།།

བརྟན་པའི་རྩ་བ་དབང་ཆེན་ས་གཞིར་ཟུགས།།

རྩི་ཤིང་ནགས་ཚལ་སྟུག་པོའི་གོས་བཟང་ཀླུབས།།

སྐུ་བླ་རི་བོའི་འགྱིང་བག་བརྗིད་རེ་ཆེ།།

རི་ལུང་ལྗོན་ཕྲེང་དྲ་བ་འཕྱང་འཕྲུལ་གཡོ།།

པད་རག་མདངས་འཛིན་སྟོན་ཟླའི་ཤིང་ལོ་དང་།།

མེ་ཏོག་རབ་རྒྱས་ཉག་ལོའི་ཁྱད་པར་ཆོས།།

མཐོང་ཚེ་ཟངས་རིའི་དཔལ་ཡང་ཟོལ་ལ་འགོད།།

གཡུ་འབྲུག་འཁྱུག་འགྲོའི་རྨ་གཡང་ཕྱུག་མོ་ཡི།།

ཁུག་དགུའི་དང་བོ་ཉལ་འགྲོ་མ་ཡི་མགྲིན།།

འཁྱོག་པའི་ལྟད་མོ་མིག་གི་བདུད་རྩི་དེ།།

རྔ་ཁུལ་ཆུ་ཀླུང་མཛེས་པའི་རྒྱན་དུ་གདའ།།

མཚར་སྡུག་རི་ལུང་ལྗོན་ཕྲེང་དྲ་བས་འབྲེལ།།

ཆུ་ཤེལ་ཆབ་རོམ་གངས་ཀྱི་མཚོ་མོ་མེར།།

དར་དཀར་ཕྱར་འདྲའི་རྦབ་ཆུ་ཤག་ཤག་འབབ།།

མཐོང་བས་མི་ངོམ་མཁའ་ལུང་མཛེས་ལྗོངས་སྐྱིད།།

རྫ་བྲག་ནགས་སྤང་རྔམ་བརྗིད་ལྡན་པའི་རིར།།

སྤྲུལ་བའི་སྟག་ཚང་ཕུག་རིང་གནས་ཆུ་འབབ།།

སྲིད་གསུམ་བདག་མོའི་དྲེལ་སྐད་འཚེར་བའི་གནས།།

མདོ་སྨད་སྟག་ཚང་དཔལ་གྱི་ལྷ་མོར་གྲགས།།

ལོ་ཆེན་བཻ་རོས་བསྒྲུབ་པ་དངོས་མཛད་ཅིང་།།

ཚངས་དབྱངས་ལ་སོགས་མཁས་གྲུབ་དུ་མ་ཡིས།།

བྱིན་བརླབས་ཏིང་འཛིན་འཕེལ་བའི་སྒྲུབ་གནས་མཆོག།

འོད་གསལ་ཕུག་ཅེས་བསྔགས་པ་དོན་དང་ལྡན།།

རག་ཁྲོམ་འོད་ཟེར་འབར་བའི་དགའ་མ་རུ།།

རྒྱང་ནས་བསུས་པར་གྲགས་པའི་གནམ་སྔོན་ཞུན།།

ས་ལ་འཁྱིལ་འདྲའི་ཞང་ཁོག་མཚོ་མོ་ཆེ།།

མཐོང་བས་ཡིད་ལ་ཡ་མཚར་ལྟད་མོས་འགང་།།

སྣ་ཚོགས་དབྱིབས་ལྡན་རྫ་བྲག་ཕུག་པ་དང་།།

ཐང་ཤུག་ལྗོན་པའི་གདེངས་ཀ་རབ་བརྗིད་ཅིང་།།

ནད་འཇོམ་ནུས་ལྡན་སྨན་ཆུ་འཁྱིལ་བ་སོགས།།

ལྟ་ན་སྡུག་པ་སྐ་དབུ་སྟག་རྩེའི་གནས།།

མེས་རྒྱལ་བདེ་ལ་འགོད་པའི་སྙིང་སྟོབས་ཅན།།

དམར་བོའི་དཔུང་ཚོགས་ཉིས་སྟོང་ལེ་བར་ལམ།

བསྐྱོད་པའི་དན་རྟགས་ངོ་མཚར་བཅོས་མིན་པའི།།

དངོས་རྫས་ཡུལ་གྲུ་གནས་གཞི་འདི་ན་མང་།།

བྱུང་བའི་རབས་རིང་རང་བྱོན་སྙིང་རྗེའི་ལྷ།།

མཐའ་འཁོབ་གདུལ་བྱར་བརྩེ་བའི་སྤྲིན་ཕུང་ལས།།

བྱིན་རླབས་ཆར་གྱིས་རྩི་བཅུད་སྨིན་མཛད་པ།།

རྒྱལ་རོང་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོར་གྲགས།།

པཎ་ཆེན་བཅུ་བ་ཆོས་ཀྱི་རྒྱལ་མཚན་གྱིས།།

དངོས་སུ་གཟིགས་པ་ངོ་མཚར་དད་པའི་རྟེན།།

བྱིན་རླབས་འོད་འབར་རང་བྱུང་བྱམས་པའི་བྲག།

འགྲུལ་བཞུད་འགྲོ་ལ་བརྩེ་བས་གཙང་འགྲམ་གཟིགས།།

མཐོང་དཀོན་པ་ཡི་གནའ་རྫས་རྟེན་གསུམ་དང་།།

ངོ་མཚར་བཀོད་ལེགས་ལྷ་ཁང་འདུ་ཁང་བཅས།།

བཤད་སྒྲུབ་བསྟན་པའི་དྲི་བསུང་འཐུལ་བ་ཡི།།

བསླབ་གསུམ་གཙང་མའི་གུར་གུམ་དགའ་ཚལ་མང་།།

ཡུལ་འདིར་དེ་ལྟའི་ངོ་མཚར་རྨད་བྱུང་གནས།།

ཡུལ་གཞན་ལས་ལྷག་ད་དུང་མང་མཆིས་པས།།

ཡིད་ཀྱི་ཁྱེའུར་བདེ་དགའ་སྐྱེད་འདོད་རྣམས།

ཡུལ་འདིར་ཕེབས་དང་མཐོང་སྣང་ངོ་མཚར་སྐྱེད།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།