འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཡོང་ཁུངས་ལ་དཔྱད་ན་ཚན་རིག་ལྟེ་བར་འཛིན་དགོས་ཞེས་བཤད།

རྩོམ་པ་པོ།   གྲགས་པ་བསྟན་འཛིན་གྱིས་སྒྱུར་སྒྲིག་བྱས།དུས་ཚོད།   2020-05-08   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           ཞིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་མཁས་པས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཡོང་ཁུངས་ལ་བརྟག་དཔྱད་བྱེད་པ་དེ་རིམས་ནད་སླར་ཡང་ཐོན་རྒྱུ་བཀག་འགོག་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་པས་འབྲེལ་ཡོད་བརྟག་དཔྱད་བྱེད་པར་ཚན་རིག་ལྟེ་བར་འཛིན་དགོས་པ་ལས་ཆབ་སྲིད་ཀྱི་དམིགས་ཡུལ་འཆང་མི་རུང་ཞེས་བཤད།

          འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་འཕྲོད་བསྟེན་ཛ་དྲག་རྣམ་གྲངས་ཀྱི་ལག་བསྟར་ཀྲུའུ་རེན་མའེ་ཁེར·རུའེ་ཨན་གྱིས་གསར་འགོད་པའི་ཚོགས་འདུ་ལས་ཏོག་གསར་གློ་ཚད་རིམས་ནད་བཀག་འགོག་བྱ་རྒྱུ་དེ་མིག་སྔའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཡིན་ནའང་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཡོང་ཁུངས་ཀྱི་འབྲེལ་ཡོད་བརྟག་དཔྱད་ཀྱང་དེ་མཚུངས་ཀྱིས་གལ་ཆེ།འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ནད་དུག་ཡོང་ཁུངས་ལ་ཕྱོགས་པའི་ཆ་འཕྲིན་ཚང་མ་བསྡུ་ལེན་བྱེད་འདོད་ཡོད་པར་མ་ཟད་ཐོབ་པའི་ཆ་འཕྲིན་ལ་གཞིགས་ནས་དབྱེ་ཞིབ་དང་བརྡར་གཅོད་ཀྱང་བྱས་ཡོད་མོད། འོན་ཀྱང་ནད་དུག་ཡོང་ཁུངས་ལ་བརྟག་དཔྱད་བྱེད་པར་ཚན་རིག་ལྟེ་བར་བཟུང་སྟེ་ཚན་རིག་མཁས་པས་གཙོ་ཁྲིད་བྱེད་དགོས་ཞེས་བཤད།

         དེ་སྔོན་ཨ་རིའི་དཔོན་རིགས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཚོད་ལྟ་ཁང་ནས་བྱུང་ཚུལ་བརྗོད་ཅིང་།རུའེ་ཨན་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཨ་རི་སྲིད་གཞུང་གིས་མཁོ་འདོན་བྱས་པའི་འབྲེལ་ཡོད་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཡོང་ཁུངས་ཀྱི་གྲངས་གཞིའམ་ཡང་ན་དཔང་རྟགས་གང་ཡང་འབྱོར་མ་བྱུང་ཞེས་བཤད།

          རུའེ་ཨན་གྱིས་ཀྲུང་གོའི་ཚན་རིག་མཁས་པས་ཏོག་གསར་གློ་ཚད་རིམས་ནད་ཁྲོད་མངོན་པའི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་བྱས་ཤིང་། ཁོང་གིས་ཚན་རིག་རྩ་བར་འཛིན་པའི་སྙིང་སྟོབས་དེ་རིགས་རྒྱུན་མཐུད་ཐུབ་པའི་རེ་བ་ཡོད། གང་ཡིན་ཟེར་ན་ཚན་རིག་ལ་གཞིགས་ནས་བརྟག་དཔྱད་བྱས་ཚེ་གཞི་ནས་ཏོག་དབྱིབས་ནད་དུག་གསར་བའི་ཡོང་ཁུངས་དང་སྲོག་ཆགས་ཀྱི་རྟེན་གནས་རྩད་ཆོད་ནས་མིའི་རིགས་ཡོངས་ལ་ཕན་བདེ་བསྐྲུན་པར་རོགས་རམ་ཐུབ་ཅེས་བཤད།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།