ཨ་མ་དྲན་དུས། ཕ་ཡུལ་ཡང་དྲན་བྱུང་།

རྩོམ་པ་པོ།   མུན་ཁེར་སྐྱེས།དུས་ཚོད།   2020-05-08   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         ཉིན་འདི་ཚོར། ཆར་བ་བབས་བྱུང་། ཉིན་མཚན་མེད་པར་ཆར་བ་ཤག་ཤག་ཏུ་བབས་བྱུང་། ཆར་བབས་པས་འགྲོ་ས་གཞན་མ་རྙེད་པར་ཆར་ཞོད་ཀྱི་འབབ་སྒྲར་ཁེན་ནས་འདུག་དུས། ཨ་མ་ཆུ་ཐིགས་བཞིན་ཡིད་ཀྱི་གཏིང་ལ་སིམ་འོངས། རྒྱང་རིང་གི་ཨ་མ་དེ་ལྟར་དྲན་དུས། མདོ་དབུས་མཐོ་སྒང་གི་ལུང་ཀྱོག་ཅིག་ན་ཆགས་པའི་ཕ་ས་ཕ་ཡུལ་ཡང་དྲན་བྱུང་། ཨ་མ་ལགས། དེ་རིང་། ཁོ་བོའི་དྲན་པའི་ངོས་སུ་ཁྱེད་ཀྱིས་བཞག་པའི་མུན་ནག་ཏུ་ཟླ་འོད་བཞིན་གསལ་བའི་བག་ཆགས་རེ་རེ་ལན་གཅིག་བཤད་པར་འདོད། ཨ་མ་གླེང་དུས། བདག་གི་ཕ་ས་ཕ་ཡུལ་ཡང་ཨ་མ་དང་འབྲལ་དུ་མེད་པའི་གླེང་གཞི་ཞིག་སྟེ། ཕ་ས་ཕ་ཡུལ། སྐྱིད་ན་ཨ་མའི་བསྟོད་གླུ་གྱེར་ས་དང་སྡུག་ན་ཨ་མའི་སེམས་གཏམ་བཤད་ས་ཡིན་ལ། བདག་གི་ཆུང་དུས་ཀྱི་རྩེད་ར་དང་ཆེ་དུས་ཀྱི་སེམས་རྟེན་ཡང་ཡིན་པས་སོ།།

        སྟོན་མཇུག་གི་ཟླ་དགུ་བའི་ཉིན་ཞིག་ལ། ཞོགས་ཁའི་ཉི་ཟེར་གྲང་ངར་གྱིས་སྦྲ་ནག་གི་ཆོན་བར་དུ་ལྷུང་ཞིང་། ཁ་བའི་འདབ་མ་རེ་འགའ་ཡང་འཐོར་བཞིན་འདུག ཁ་བའི་ཁྲོད། དགུང་ལོ་ལྔ་བཅུ་བཞེས་པའི་ཨ་མའི་སྐྲ་ལོ་དཀར་བོ། རླུང་བུས་བདས་པའི་འཇག་སྐྱ་བཞིན་ལྡེམ་ཞིང་གཡོ་ལ། ཕྱག་ཟུང་འདར་སིག་སིག་གིས་རིང་བོར་བསྲིངས་ནས་ཅི་ཞིག་བཤད་འདོད་པ་འདྲ་ཡང་། བདེ་མོ་ཞེས་པའི་ཚིག་ཙམ་ཡང་ངག་གི་རྒྱུད་ཐག་ལས་འགྲོལ་མ་ཐུབ། བདག་གིས་ཀྱང་ཨ་མ། ལུས་བདེ་བདེ་དང་སེམས་སྐྱིད་སྐྱིད་ངང་འཚོ་བ་རོལ་བ་ལས། དཀའ་བའི་ལས་ཁུར་དུ་ལེན་མི་དགོས་ཞེས་པའི་ཚིག་ཙམ་ཡང་བརྗོད་མ་ཐུབ། དེ་ནི་1995ལོར་ཨ་མར་ཐོག་དང་བོར་གྱེས་ཕྱག་ཕུལ་ནས་ནུབ་བྱང་སློབ་གླིང་དུ་སོང་བའི་ཉིན་མོ་ཡིན་ལ། ཕ་ཡུལ་དང་རྒྱང་དུ་གྱེས་པའི་ཉིན་མོ་ཡང་ཡིན། སྤྱིར་ཡིན་ན། ང་ནི་རང་རེའི་སྐྱ་མགོ་སྡེ་བའི་ཆེས་ཐོག་མའི་དངོས་གཞིའི་སློབ་མ་ཡིན་པས། ཁྱེད་ཀྱིས་དགའ་བའི་གླུ་ལེན་པ་དང་སྐྱིད་པའི་བྲོ་འཁྲབ་ནས་སྐྱེལ་མ་བྱེད་ཆོག་མོད། འུ་གཉིས་དེ་ལྟར་ཁ་རོག་གེར། ཁུ་སིམ་མེར་གྱེས་སོང་། སྐབས་དེར། ཀུན་གྱིས་བདག་གི་ཕ་ཡུལ་ལ་འོན་ལོང་ཞ་གསུམ་ཞེས་ཟུར་ཟ་བྱེད་པའི་མིང་མཚར་བོ་ཞིག་བཏགས་ཡོད། ཡིན་ནའང་། འདང་རེ་བརྒྱབ་ན་དོན་དངོས་དང་མཐུན་པའི་སྡོམ་ཚིག་ཅིག་སྟེ། བདག་གི་ཕ་ཡུལ་སྐྱ་རོང་ཡུལ་ཚོ་ནི་ཧུང་ཡོན་རྫོང་གི་ས་ཀྱོག་ལུང་ཁུག་ཏུ་ཆགས་ཡོད་ཅིང་། ལམ་མེད་པས་ཞ་བོ་དང་གློག་མེད་པས་ལོང་བ། ཁ་པར་མི་འཕྲོད་པས་འོན་པ་ཞེས་ཐོགས། དེ་བས། ང་རང་ཕ་ཡུལ་དང་གྱེས་ནས་སློབ་ཆེན་འགྲིམ་དུས། ལེ་དབར་ཉི་ཤུ་ལྷག་གི་མཚམས་སུ་རྟ་བཞོན་ནས་རླངས་འཁོར་བསྒུག་ཏུ་སོང་།

          སློབ་ཆེན་གྱི་སྐབས་སུ། བདག་གིས་མལ་ཤག་དང་མལ་ཐུལ་གྱི་དྲོད་ཁོལ་ལ་ལུས་སེམས་གླན་ནས་དཔེ་ཀློག་ལ་བརྩོན་དུས། ལུས་དྲོ་ལ་སེམས་ཀྱང་སྐྱིད། ཡིན་ནའང་། མཐོ་སྒང་གི་ཕ་ཡུལ་ནི་གྲང་འཁྱག་གི་འཇིག་རྟེན་རྐྱང་རྐྱང་ཡིན་པས། དྲན་སྣང་ཞིག་ལ། ཕ་ཡུལ་ན་ཁ་བ་འབབ་བཞིན་ཡོད་ལ། ཁ་བའི་ཁྲོད། ཨ་མས་སེར་ག་ཆགས་པའི་ཕྱག་ཟུང་གིས་ལྷས་འདབས་ཀྱི་ལྕི་རློན་རྒུམ་པ་དང་། མཚན་མོའི་སྐར་ཚོགས་རབ་རིབ་ཁྲོད། ལྷས་ར་དང་རྒྱང་དུ་གྱེས་པའི་ནོར་གནག་གི་རྗེས་འདེད་བཞིན་ཡོད། སྐབས་དེར། བདག་སེམས་ལའང་ཁ་བ་འབབ་བྱུང་། གྲང་རླུང་གཡུགས་བྱུང་། “ཨ་མ་ལགས། ཁྱེད་ཀྱིས་ཉིན་དང་མཚན་དུ་རྩྭ་རྩེའི་བ་མོ་རེ་རེ་ལྭ་འདབས་ཀྱིས་འཕྱག་བཞིན། འདུར་རྒྱུག་གི་ཁ་རླངས་རེ་རེ་སྨིན་མ་དང་སྐྲ་མགོར་ཟིལ་བར་གྲུབ་བཞིན་ཇི་ལྟར་འཚོ་སྐྱོང་ལ་བྲེལ་ཡང་། སྦྲ་འདབས་ཀྱི་ནོར་གནག་གི་ཁ་གྲངས་ཉུང་ཙམ་དང་ཨོང་སྐམ་དེ་དག་ལས་ཅི་ཡང་མ་ཐོབ་པ་འདྲ། དེ་བས། ཨ་མ་ལགས། ལོ་ཟླ་འདི་ཚོར། འཇམ་པོའི་གོས་དང་མངར་མོའི་ཟས་ལ་རོལ་རན། ད་ནས་ངལ་གསོ་ཡིད་ཚིམས་པ་ཞིག་བྱེད་དགོས”ཞེས་འཕྲིན་རེ་བསྐུར་འདོད་ཀྱང་ཁྱེད་ཀྱིས་ཡིག་ངོ་མི་ཆོད། ཁ་པར་རེ་གཏོང་འདོད་ཀྱང་ཕ་ཡུལ་ལ་ཁ་པར་མི་འཕྲོད་པས་ཐབས་ཟད་འུ་ཐུག་ཏུ་གྱུར། དེ་ལྟར་ཨ་མའི་ཤ་དྲོད་དང་བྱམས་བརྩེ་མ་རེག་པའི་དུས་འདིར། འཇིག་རྟེན་ན་རང་ཉིད་གཅིག་པུ་ཁེར་རྐྱང་དུ་ལུས་པ་འདྲ། བར་སྣང་དུ་ལྷོད་ཀྱིས་རྒྱུ་བའི་སྤྲིན་དཀར་གྱི་འདབ་མར་འཇུས་ནས་ཕ་ཡུལ་དུ་ཐེངས་གཅིག་ལོག་པའི་འདུན་པ་འགོག་མེད་དུ་སྐྱེས་བྱུང་།

         དོ་དགོང་། ཕྱི་རོལ་ན་ཁ་བ་ལྷབ་ལྷུབ་ཏུ་འབབ་བཞིན་འདུག མུན་པ་ཁྲི་ཕྲག་གི་ཡོལ་བ་ནག་པོས་ས་གཞི་ཡོངས་སུ་བཀབ་ཅིང་། ཕྱི་རོལ་ན་རླུང་བུས་ལྡེམ་པའི་ལྗོན་ཤིང་གི་འཁུན་སྒྲ་ཙམ་ཡང་མེད་པར་ནག་རོག་གེར། ལྷིང་འཇགས་སེར། ཁྱིམ་དུ་ཆུང་མ་དང་བུ་ཆུང་གིས་རྨི་ལམ་གྱི་ཞིང་ནས་སྐྱིད་པའི་སྔུར་དབྱངས་འཁྲོལ་བཞིན་འདུག དེ་ནི་ང་རང་སློབ་ཆེན་ལས་མཐར་ཕྱིན་ཅིང་ཤར་རྒྱལ་མོ་ཚ་བ་རོང་ནས་གསར་འགྱུར་གྱི་ལས་དོན་བསྒྲུབས་ནས་ལོ་ངོ་བཅུ་དགུ་འགོར་བའི་མཚན་མོ་ཞིག་རེད། ཨ་མ་སླར་ཡང་ཁ་བའི་འདབ་མ་རེ་རེ་བཞིན་བདག་སེམས་སུ་དལ་བུར་བབས་བྱུང་ ། དེ་ལྟར་ཨ་མ་སླར་ཡང་དྲན་དུས། མྱུར་དུ་ཁ་པར་བླངས་ནས་ཨང་གྲངས་མནན་ཚར་མ་ཐག་ཨ་མས་བུ་ཆུང་ད་དུང་ཉལ་མེད་དམ། དོ་དགོང་། དགུན་གནང་བཏང་བའི་ཚ་བུ་དང་ཚ་མོ་དག་རང་ཁྱིམ་དུ་འཛོམས་ཡོད་པས་ང་ལ་གཉིད་སྤུ་ཙམ་ཡང་མི་འདུག བུ་ཆུང་། ད་ལོའི་ལོ་སར་ལ་ཤོག་དང་། རང་རེའི་ཡུལ་སྡེའི་ལས་བྱེད་པ་དང་སློབ་ཆེན་སློབ་མ་དག་གིས་ལོ་སར་དགོང་ཚོགས་ཤིག་གྲ་སྒྲིག་བྱེད་བཞིན་འདུག ལྟད་མོ་ཡག་རྒྱུ་རེད་ཅེས་ངག་འཇམ་པོས་བཤད་དུས། ས་ཁི་སིའི་རོལ་དབྱངས་འཇམ་པོ་བཞིན་ངའི་རྣ་ཟུང་གི་བུ་ག་བརྟོལ་ནས་ཡིད་སེམས་སུ་སྙན་ཞིང་འཇེབས་པར་འཐིམས་བྱུང་། དེང་སང་བར་ཐག་ཇི་འདྲ་རིང་ཡང་། ཉན་འདོད་དུས་དེ་ལྟར་ཨ་མའི་གསུང་སྐད་སྙན་མོ་ཐོས་ཐུབ་ལ། བལྟ་འདོད་དུས་ཁ་པར་གྱི་བརྙན་ལམ་ནས་ཨ་མ་དང་མཉམ་དུ་འཛོམས་པ་ལྟར་ཁ་བརྡ་གློད་ཐུབ་པས། ཨ་མའི་ཤ་དྲོད་དང་བྱམས་བརྩེ་ལུས་སེམས་ཀྱིས་མྱོང་དུས། འཇིག་རྟེན་མི་ཡུལ་ན་རང་ཉིད་གཅིག་པུ་མིན་ལ། མ་བུ་ལྷན་འཛོམས་ཀྱི་བདེ་བ་མྱངས་ན་སུན་སྣང་མེད་ལ། ཚིམས་པ་མེད་པའི་ལོངས་སྤྱོད་ཅིག་རེད་ཨང་། ཕ་ཡུལ་དུ་ལོག་འདོད་ཀྱང་ལམ་བདེ་ལ་རླངས་འཁོར་མགྱོགས་པས་མྱུར་བར་འབྱོར་ཐུབ། ཕ་ས་ཕ་ཡུལ། ཁྱེད་དང་འུ་གཉིས་ཀྱི་བར་ཐག་རི་ཆུ་སྟོང་ཕྲག་གིས་བཅད་ཀྱང་ཇི་འདྲའི་ཐག་ཉེ་ཞིག་རེད་ཨང་།

            འདང་རེ་བརྒྱབ་ན། ང་དང་ལོ་ཚད་ཕལ་ཆེར་མཉམ་པའི་གསར་ཞུགས་ལས་བྱེད་པ་ཁ་ཤས་ཤིག་གིས་ལྷན་འཛོམས་ཤིག་གི་ཡིད་ཆེས་དང་སྙིང་སྟོབས། མཐུན་སྒྲིལ། བདེ་སྐྱིད་བསམས་ནས། དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་བའི་མཇུག་ཙམ་དུ་ལོ་སར་དགོང་ཚོགས་ཀྱི་སྲོལ་དེ་ཐོག་མར་ཕྱེས་ཤིང་། ཤེས་ལྡན་རིག་སྤེལ་མཐུན་ཚོགས་ཞེས་པའི་མཐུན་ཚོགས་ཤིག་ཀྱང་བཙུགས་ཏེ། ལས་བྱེད་པ་ཁོ་ནས་གྲུབ་པ་ཞིག་ཀྱང་ཡིན། སྐབས་དེར། རང་རེའི་ཡུལ་སྡེ་འདི་ལ་ལས་བྱེད་པ་བཅུ་ལྷག་ལས་མེད་པས་ཚོགས་པ་ཉམ་ཆུང་ལ་ཉག་ཕྲ། ཡིན་ནའང་། དེང་སང་ཚོགས་པ་འདི་ལ་ལས་བྱེད་པ་བརྒྱ་ཕྲག་དུ་མ་འདུས་ཡོད་པས། ཚོགས་པ་འདི་སྟོབས་ཆེ་ལ་མཐུན་པའི་ལག་རྡང་སྦྲེལ་ཡོད། ཕ་ཡུལ་གྱི་སྐྱིད་སྡུག་སེམས་ཀྱིས་མྱངས་ཤིང་ཕ་ཡུལ་གྱི་འཕོ་འགྱུར་མིག་གིས་འཚོས་པའི་ཚོགས་པ་ཞིག་ཀྱང་ཡིན་ཞེས་བཤད་ཆོག ལོ་ངོ་ཉི་ཤུ་ལྷག་གི་རིང་ལ། ལོ་སར་དགོང་ཚོགས་ཀྱི་སྲོལ་ནི་དེ་ལྟར་ཆུ་བོའི་རྒྱུན་བཞིན་མ་ཆད་པར་བསྐྱངས་དང་སྐྱོང་བཞིན་ཡོད་པས། ཕ་ས་ཕ་ཡུལ་ནས་ངུ་སྐད་ཀྱི་དབྱངས་རྟ་ཐོག་མར་ཤོར་ཅིང་། ལང་ཚོ་ཡི་འདབ་བརྒྱ་གྲོལ་བའི་ཤེས་ཡོན་པའི་སྡེ་དང་ལས་བྱེད་པའི་སྡེ་ལ་བཀའ་དྲིན་ཞུ་འདོད་ཀྱང་སེམས་གཏིང་ནས་སྐྱེས་བྱུང་།

             ཕྱི་རོལ་དུ། ད་དུང་ཁ་བ་འབབ་བཞིན་འདུག ཆུང་མ་དང་བུ་ཆུང་གིས་སྔར་བཞིན་སྔུར་བ་འཐེན་བཞིན་ཡོད། ངས་ཀྱང་ཁ་པར་སྔས་འདབས་སུ་བཞག་ནས་རྨི་ལམ་གྱི་ཞིང་དུ་ཆས། རྨི་ལམ་དུ། གློག་འོད་ཆེམ་ཆེམ་བཀྲ་བའི་ཁང་ཁྱིམ་ཞིག་ཏུ། ཨ་མར་གཟབ་རྒྱས་ཆེ་བའི་གྱ་སྟོན་བཤམས་ཡོད་ལ། གཉེན་ཉེ་དུ་རྣམས་ལྷན་དུ་འཛོམས་ནས་ཨ་མར་རྟེན་འབྲེལ་ཞུ་བཞིན་པ་རྨིས་བྱུང་། རྨི་ལམ་དུ། ནོར་གནག་གི་འཕེལ་ཁ་རྩི་བའི་རྫི་བོ་དག་གིས་ཁ་པར་གྱི་ལམ་ནས་ནོར་གནག་འཚོ་བཞིན་གྱ་སྟོན་གྱི་ཤ་མར་ཐུད་གསུམ་སོགས་བཟའ་བཏུང་སྣ་ཚོགས་ལ་རོལ་བ་རྨིས་བྱུང་། རྨི་ལམ་དུ། བདག་གི་ཕ་ས་ཕ་ཡུལ་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་ཅིང་ཤེས་རིག་གི་འོད་ཀྱིས་ཁྱབ་པ་རྨིས་བྱུང་ངོ་།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།