ཟུང་ཆུས་སྨན་བཅོས་འགན་ལེན་གྱི་ལས་དོན་ལེགས་པོར་སྤེལ།

རྩོམ་པ་པོ།   གསང་བདག་སྒྲོལ་མས་བསྒྱུར།དུས་ཚོད།   2020-05-08   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཉེ་བའི་ལོ་ཤས་རིང་། ཟུང་ཆུ་རྫོང་གིས་དམངས་འཚོའི་གཙོ་གནད་ལ་དམིགས་ཏེ་སྲིད་ཇུས་བྱེད་ཐབས་སྔར་བས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་ཧུར་ཐག་གིས་བྱས་རྗེས་བཞག་ནས་སྨན་བཅོས་འགན་ལེན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་སོགས་རྒྱུན་ཆད་མེད་པར་གོང་མཐོར་བཏང་།

         2019ལོར་ཟུང་ཆུ་རྫོང་དུ་སྦྲུམ་མ་གཅིག་ཀྱང་མི་འཆི་བའི་ཚད་དུ་སླེབས་ཤིང་།ཕྲུ་གུ་དམར་འབྱར་ཤི་ཚད་བརྒྱ་ཆ་11.39ནས་2019ལོར་ཕྲུ་གུ་དམར་འབྱར་གཅིག་ཀྱང་མི་འཆི་བའི་ཚད་དུ་སླེབས་པ་རེད། དེ་བཞིན་དུ་མི་རེའི་ཆ་སྙོམས་ཚེ་ཚད་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་མཇུག་གི་ལོ་72ནས་2019ལོའི་ལོ་མཇུག་གི་ལོ་74བར་འཕར་ཡོད་པས། སྤྱིའི་ཆ་ནས་དམངས་ཡོངས་ཀྱི་ལུས་ཁམས་བདེ་ཐང་གི་ཆུ་ཚད་ཇེ་མཐོ་རུ་ཕྱིན།

          2015ལོ་ནས་ད་བར། འཕྲོད་བསྟེན་བྱ་བཞག་ལ་བསྡོམས་པས་མ་དངུལ་སྒོར་ཁྲི་53047.44བཏང་བ་དང་། འཕྲོད་བསྟེན་ཁོངས་གཏོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཁྲི་7000ལྷག་བཏང་། འཛུགས་སྐྲུན་རྣམ་གྲངས་9ལེགས་འགྲུབ་བྱུང་ཡོད་ལ། འཕྲོད་བསྟེན་རྣམ་གྲངས་ནང་རྫོང་རིམ་པའི་སྨན་བཅོས་ལས་ཁུངས་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་། སྡེ་བའི་འཕྲོད་བསྟེན་ཁང་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྒྲིག་ཆས་སྒྲིག་སྦྱོར་བཅས་ཚུད་ཡོད་པས། རྫོང་ཧྲིལ་བོའི་སྨན་བཅོས་ཀྱི་སྟོབས་ཤུགས་ཇེ་ཆེར་ཕྱིན་ཡོད།

         མིག་སྔར། ཟུང་ཆུ་རྫོང་ལ་རྫོང་ཐད་གཏོགས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་5དང་། ལྟེ་བའི་འཕྲོད་བསྟེན་ཁང་4།ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་21།གྲོང་སྡེའི་འཕྲོད་བསྟེན་ཁང་143། སྒེར་གྱི་སྨན་བཅོས་ལས་ཁུངས་17བཅས་ཡོད་པ་དང་། འཕྲོད་བསྟེན་མི་སྣ་582ཡོད་དེ། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་མཇུག་གི་མི་466ལས་མི་116ཇེ་མང་དུ་སོང་སྟབས། འཕྲོད་བསྟེན་རུ་ཁག་གི་སྟོབས་ཤུགས་ཆེ་རུ་ཕྱིན་ཡོད།

         ཁྱོན་ཡོངས་ནས་སྤྱི་པའི་ཞབས་ཞུ་ཁྱབ་གདལ་དུ་བཏང་སྟེ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་དེ་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་མཇུག་གི་ཚན་པ་11ནས་2019ལོའི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཚན་པ་21ཏུ་རྒྱ་ཆེར་བཏང་ཡོད་ལ། དེའི་ནང་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བདེ་ཐང་ཡིག་ཚགས་དོ་དམ་དང་བདེ་ཐང་སློབ་གསོ། གཅོང་ནད་དོ་དམ་སོགས་ཚུད་ཡོད།

          སྨན་རྫས་ཀྱི་རིན་གོང་མར་ཆག་པ་དང་། སྨན་ཁང་དུ་སྡོད་པའི་སྨན་རིན་དང་སྒོ་བསྟེན་སྨན་རྫས་ཀྱི་རིན་གོང་སོགས་ཀྱང་དུས་མཚུངས་ལས་མར་ཆག་པ་དང་སྒོ་བསྟེན་སྨན་བཅོས་ཀྱི་མི་ཐེངས་དུས་མཚུངས་ལས་ཡར་འཕར། རྫོང་རིམ་པའི་སྨན་བཅོས་ལས་ཁུངས་ཀྱིས་སྒོ་བསྟེན་སྨན་བཅོས་བྱས་པའི་ནད་པ་མི་ཐེངས་73729ཟིན་ཡོད་པས། 2015ལོ་ལས་བརྒྱ་ཆ་22འཕར་ཡོད་པ་དང་། སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་པའི་མི་ཐེངས་6266ཟིན་ཡོད་པས་2015ལོ་ལས་བརྒྱ་ཆ་24.8འཕར་ཡོད། གཤགས་བཅོས་ཐེངས་1153ཟིན་ཡོད་པས་2015ལོ་ལས་བརྒྱ་ཆ་34.15འཕར་ཡོད། ལས་སྒོའི་ཡོང་འབབ་སྒོར་ཁྲི་4028.08ཟིན་པས། 2015ལོ་ལས་བརྒྱ་ཆ་37.9འཕར་བ་སོགས་ཀྱི་གྲུབ་འབྲས་མང་དུ་བླངས་པས་ལས་སྒོ་ཁག་གི་བྱ་བའི་དམིགས་ཚད་ཚང་མ་སྔོན་མེད་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་པ་བཅས་ཀྱིས་སྨན་བཅོས་ཆུ་ཚད་སྔར་ལས་འཕེལ་རྒྱས་བྱུང་ཡོད།

         སྨན་བཅོས་འགན་ལེན་ལ་ཞུགས་པའི་མི་གྲངས་འཕར་སྣོན་བྱུང་སྟེ། 2015ལོ་ནས་བཟུང་། ཟུང་ཆུ་རྫོང་གི་སྨན་བཅོས་འགན་ལེན་ལ་ཞུགས་ཚད་བརྒྱ་ཆ་97ཡན་ཟིན་ནས་སྲིད་ཇུས་ཁྱབ་ཚད་བརྒྱ་ཆ་100ཟིན་ཡོད་པ་དང་ཡིག་ཚགས་བཀོད་ཀྱང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོ་སྨན་བཅོས་འགན་ལེན་ལ་ཞུགས་ཚད་བརྒྱ་ཆ་100ཟིན་ཡོད། ལོ་ལྔའི་རིང་དུ། སྨན་བཅོས་འགན་ལེན་དུ་ཞུགས་མཁན་མི་ཐེངས་ཁྲི་33ཟིན་པ་དང་། རྫོང་ཡོངས་ཀྱི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་བོ་ཁྲི་0.76ལ་རྫོང་ནོར་སྲིད་ལས་སྨན་རིན་ཡོངས་རྫོགས་སྟེར་བ་མངོན་འགྱུར་བྱུང་།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།