མཐོ་སློབ་སློབ་མའི་ལས་ཞུགས་ཀྱི་འགག་རྩའི་བྱ་སྤྱོད་འགོ་ཚུགས།

སྤྱི་ལོ་2020ལོའི་སྤྱིར་བཏང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ཉིན་བརྒྱའི་འགག་རྩའི་བྱ་སྤྱོད།

རྩོམ་པ་པོ།   དུས་ཚོད།   2020-05-07   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        སྤྱི་ལོ་2020ལོའི་སྤྱིར་བཏང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ཉིན་བརྒྱའི་གདོང་མཆོང་བྱ་སྤྱོད་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན་པའི་ཆ་ནས།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་སློབ་གསོ་པུའུ་ཡིས་མཉམ་དུ་སྤེལ་ཞིང་།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དབྱང་བརྙན་མཐོང་གིས་རྒྱལ་ཁབ་མ་འཇོག་མི་ཤུགས་དང་ལག་གདང་སྦྲེལ་ནས་གཙོ་གཉེར་བྱས་པའི་24365རྒྱལ་ཁབ་མི་བསྡུའི་བྱ་སྤྱོད་ཀྱི་མཉམ་འབྲེལ་ཆེད་དོན་མི་བསྡུའི་བྱེད་སྒོ་སྤྱི་ཟླ་5པའི་ཚེས་6ཉིན་དངོས་སུ་དྲ་ཐོག་ཏུ་འགོ་བཙུགས་ཡོད།  ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འགོ་འཛིན་ཧྲེན་ཧའེ་ཞུང་དང་།  སློབ་གསོ་པུའི་ཏང་ཙུའུ་ཡི་ཁོངས་མི།  པུའུ་ཀྲང་གཞོན་པ་ཝུང་ཐེ་ཧུའེ་རྣམ་གཉིས་ཀྱིས་བརྙན་མཐོང་སྦྲེལ་མཐུད་ལམ་ནས་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།

        དེ་ཉིན།  སློབ་གསོ་པུའུ་དང་།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ།  བཟོ་ལས་དང་ཆ་འཕྲིན་ཅན་པུའུ།  རྒྱལ་ཁབ་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།  གུང་གཞོན་སྡེ་ཚོགས་ཀྲུང་དབྱང་སོགས་ཚན་པ་དྲུག་གིས་མཉམ་དུ་གཙོ་གཉེར་བྱས་པའི་ཉིན་བརྒྱའི་འགག་རྩའི་བྱ་སྤྱོད་དངོས་སུ་འགོ་བཙུགས་ཡོད་པ་རེད།

        འགོ་འཛུགས་མཛད་སྒོའི་ཐོག  མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད་བཅུ་ཡོངས་གྲགས་བྱས་ཡོད།  ད་ལོའི་མཐོ་སློབ་སློབ་ཐོན་སློབ་མའི་མི་གྲངས་ས་ཡ་བརྒྱད་དང་བདུན་འབུམ་བཞི་ཁྲི་ཟིན་གྱི་ཡོད་པས། འདི་ནི་ལོ་ཤས་རིང་གི་ཆེས་མང་ཤོས་ཤིག་རེད།  ཏོག་གསར་གློ་ཚད་རིམས་ནད་སོགས་ཀྱི་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་དབང་གིས་ད་ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྣོན་ཤུགས་ཆེན་པོ་འཕྲད་ཡོད།  སློབ་གསོ་པུའི་མཐོ་་སློབ་སློབ་མ་སིའི་འགན་ཁུར་བས།  མིག་སྔར་ཞིང་ཆེན་གསུམ་ཆ་གཉིས་ཀྱི་མཐོ་སློབ་སློབ་འགོ་ཚུགས་པའམ་སློབ་འགོ་འཛུགས་རྒྱུའི་འཆར་གཞི་གཏན་འཁེལ་བྱས་ཟིན་པས།  སློབ་ཐོན་སློབ་མས་ལས་ཀ་འཚོལ་བའི་མཐོ་རླབས་ཤིག་མི་རིང་བར་འཕྱུར་བཟོ་ཡོད་ཅེས་ངོ་སྤྲོད་གནང་ཡོད།

        ཉིན་བརྒྱའི་གདོང་མཆོང་བྱ་སྤྱོད་དེ་སྤྱི་ཟླ་5པ་ནས་སྤྱི་ཟླ་8པའི་ཟླ་དཀྱིལ་བར་རྒྱུན་བསྲིང་རྒྱུ་ཡིན་པ་རེད། ཉིན་བརྒྱའི་འགག་རྩའི་དུས་ཚོད་རིང་།  སློབ་གསོ་པུའུ་དང་འབྲེལ་ཡོད་ཚན་པས་ལས་ཀའི་གཙོ་གནད་དེ་སློབ་རིམ་སྤོར་བ་དང་མི་བསྡུ་རྒྱུ་མང་དུ་གཏོང་བའི་བྱ་སྤྱོད་དང་།  སློབ་ཐོན་སློབ་མ་དམག་མིར་ཞུགས་ཚད་མང་དུ་གཏོང་བའི་བྱ་སྤྱོད།  དབུལ་སྒྲོལ་འགག་གཏོར་ལ་རོགས་འདེད་བྱེད་པའི་བྱ་སྤྱོད་སོགས་ཆེད་དོན་བྱ་སྤྱོད་བཅུ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུའི་ཐད་འཇོག་རྒྱུ་ཡིན་པ་རེད།

        ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དབྱང་བརྙན་མཐོང་གིས་རྒྱལ་ཁབ་མ་འཇོག་མི་ཤུགས་དང་ལག་གདང་སྦྲེལ་ཞིང་།  སློབ་གསོ་པུའུ་དང་མཉམ་དུ་གཉེར་བའི་24365རྒྱལ་ཁབ་མི་བསྡུའི་བྱ་སྤྱོད་ཀྱི་མཉམ་འབྲེལ་ཆེད་དོན་མི་བསྡུའི་བྱེད་སྒོའི་རིང་།  དབུལ་སྒྲོལ་འགག་གཏོར་གྱི་ཡུན་མི་བསྡུའི་ཆེད་དོན་བྱ་སྤྱོད་ཀྱི་ཐད་གཏོང་ཁག་སྤྱི་ཚེས་6ཉིན་སྔོན་ལ་སྤེལ་འགོ་ཚུགས་ཡོད།  ཁྱོན་བསྡོམས་ཁེ་ལས་12ཀྱིས་དུས་ཡུན་ཉིན་4དྲ་ཐོག་དྲིལ་བསྒྲགས་ནང་ཞུགས་རྒྱུ་མ་ཟད་མིང་ཐོ་འགོད་མཁན་གྱི་སློབ་མའི་ངོ་སྤྲོད་མདོར་བསྡུས་ཡིག་ཆ་བསྡུ་རྒྱུ་ཡིན་པ་རེད།

         སྤྱི་ཟླ་5པའི་ཚེས་4ཉིན་བར་སླེབས་དུས།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དབྱང་བརྙན་མཐོང་དང་།  རྒྱལ་ཁབ་མ་འཇོག་མི་ཤུགས་སོགས་ཀྱིས་གཙོ་གཉེར་བྱས་པའི་དཔྱིད་དཔལ་བཞད་པའི་རྒྱལ་ཁབ་མི་བསྡུའི་བྱ་སྤྱོད་ཀྱིས་རིགས་ཁག་གི་ཁེ་ལས་དང་སྤྱི་ཚོགས་ཚན་པ་ཆིག་ཁྲི་ཉིས་སྟོང་བཞི་བརྒྱ་བཞི་བཅུ་ཞེ་དགུ་ཡིད་འགུག་ཐུབ་པ་དང་།   རིམ་རྩིས་བྱས་ན་ཕུལ་བྱུང་གི་ལས་གནས་ས་ཡ་གཅིག་དང་གསུམ་འབུམ་ཆིག་ཁྲི་མཁོ་འདོན་བྱས་ཡོད།  རྒྱ་ཆེའི་ལས་ཀ་འཚོལ་མཁན་གྱིས་དབྱང་བརྙན་མཐོང་གི་﹙央视频﹚APPཕབ་ལེན་གནང་ནས་མི་བསྡུའི་ཆེད་དོན་ཁུལ་དུ་འཛུལ་ན་དྲ་ཐོག་གི་ཡུན་མི་བསྡུའི་སྟབས་བདེའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་པ་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།