གྲྭ་རྒན།

རྩོམ་པ་པོ།   གཙུག་གཡུ། དུས་ཚོད།   2020-05-06   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            སྔོན་དུས་ཙ་ན། ལུང་པ་ཞིག་གི་ཕུ་ན་རྣམ་རྒྱལ་དགོན་ཞེས་བྱ་བའི་གྲྭ་བ་བརྒྱ་ལོན་མིན་གྱི་དགོན་ཆུང་ཞིག་ཡོད། དེ་གྲས་སུ་བློ་བཟང་རྣམ་རྒྱལ་དུ་འབོད་པའི་གྲྭ་རྒན་ཞིག་ཡོད། ཁོ་དུས་རྒྱུན་དུ་རང་ཁྱིམ་གྱི་ཡོ་བྱད་དང་ཅ་ལག་ཙག་ཙིག་ཏག་གཅེས་སྤྲས་བྱེད་པར་ཤིན་ཏུ་དགའ།

           ཉིན་ཞིག་ཁོའི་ཁྱིམ་གྱི་གཡང་སྒམ་དེའི་ནང་དུ་བལྟས་ཚེ།ཉེ་སྔོན་ཁོས་མཐོང་མ་མྱོང་བའི་དཀར་ཡོལ་འབྲུག་རིས་མ་ངོ་མཚར་བ་ཞིག་ལག་ཏུ་རྙེད། ཁོ་དེ་ལ་ཧ་ཅང་ཆགས་ཏེ། རང་གིས་འཐུང་སྣོད་བྱས་ན་ནམ་ཞིག་ལ་ཟད་འགྲོ་བ་དང་།ཆ་སྒམ་དུ་བཞག་ན་ནམ་ཞིག་སྟབས་མ་ལེགས་པར་ཐང་ལ་ལྷུང་དེ་ཆག་ཨེ་འགྲོ་སྙམ་ནས་དཀར་ཡོལ་དེ་གང་དུ་སྦ་མིན་ལ་བསམ་བློ་སྣ་ཚོགས་བཏང་། གློ་བུར་ཁོའི་སེམས་ལ་ཁ་གཏད་དུ་འགྲེང་བའི་གྱང་དེ་ཡིད་ལ་དྲན་བྱུང་། གྱང་དེ་ནི་ཁོ་ལ་མཚོན་ན་བློ་གཏད་ཆོག་ཆོག་གི་ཡུལ་ཞིག་ཏུ་གྱུར། དེ་ནས་ཁོའི་གྱང་ངོས་སུ་ཁུང་བུ་ཆུང་ཆུང་ཞིག་བརྐོས་ནས་དཀར་ཡོལ་འབྲུག་རིས་མ་དེ་དེའི་ནང་དུ་བཞག དཀར་ཡོལ་འབྲུག་རིས་མ་སྦས་ཚར་རྗེས་ཁོ་སྔར་བཞིན་བྱ་བ་གཞན་ལ་ཞུགས།

           ཉིན་ཞིག ཨ་ཁུ་བློ་བདེས་གྲྭ་བཙུན་རྣམ་རྒྱལ་དང་ཁོང་གཉིས་ཀྱི་བར་གྱང་དུ་གྱུར་བའི་གྱང་ངོས་སུ་འཛེར་མ་ཞིག་བརྡབས་ཏེ་ཇ་ཁུག་སྐོན་ས་བྱེད་དགོས་བསམ། དེ་ནས་ཁོས་བར་ཁྱམས་ཀྱི་ལྕགས་སྒམ་བཙའ་བོ་དེའི་ནང་ནས་འཛེར་མ་རིང་བོ་ཞིག་བླངས་ཏེ། གྱང་ངོས་སུ་བརྡབས། རྡེབ་སྐབས་ཆག་སྒྲ་ཞིག་གྲགས་ནའང་ཨ་ཁུ་བློ་བདེའི་ཡིད་ངོར་གནའ་དང་ཐོག་ཁང་བ་འདི་ལས་དུས་རྡོ་ཧྲུལ་མང་བོ་ས་ནང་དུ་ཤོར་སྟབས་ཆག་སྒྲ་དེ་རྡོ་དང་ཐུག་པས་རེད་བསམ་ནས་སྣང་དོགས་མེད་པར་ནང་ལས་ཙག་ཙིག་བྱས།

          ཉིན་འདི་གར་གནའ་རྫས་ཉོ་བའི་མི་མང་བོ་གཅིག་རྗེས་གཉིས་མཐུད་དུ་རྣམ་རྒྱལ་དགོན་དུ་ཐོན་ནས་གནའ་རྫས་ཡོད་ན་རིན་གོང་མཐོན་པོ་སྟེར་རྒྱུ་ཡིན་ཞེས་པའི་སྐད་ཆ་དེ་ཡང་གྲྭ་བཙུན་རྣམ་རྒྱལ་གྱི་རྣ་བའི་བུ་གར་ལྷུང་། ཁོས་ད་ནི་དཀར་ཡོལ་འབྲུག་རིས་མ་དེ་བཙོང་རན་འདུག རྗེས་མར་དོན་དག་ཅི་འདྲ་འབྱུང་བ་སུས་ཤེས་ཞེས་བློ་ཐག་ཆོད་པོས་ཁྱིམ་དུ་སོང་ནས་གྱང་ངོས་ཀྱི་ས་ཁུང་ལས་དཀར་ཡོལ་འབྲུག་རིས་མ་ལེན་སྐབས། གྲྭ་བཙུན་རྣམ་རྒྱལ་གློ་བུར་སྡོང་རྒན་བཞིན་ས་རུ་འགྱེལ་ཏེ་དྲན་པ་འཐོར།
རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།