དྲིན་གྱི་བདག་མོ།

རྩོམ་པ་པོ།   ཨཱ་འཕགས་ལྷ་མོ། དུས་ཚོད།   2020-05-06   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        མི་ཡ་རབས་དང་ཚུལ་ལྡན་ཞིག་ཡིན་ཚེ།བཀའ་དྲིན་རྗེས་སུ་དྲན་འོས་པའི་མི་མང་པོ་ཡོད་ཁོ་ཐག་ཡིན།ནར་སོན་གྱི་ལོ་ཟླའི་གོ་རིམ་ནང་སློབ་གསོ་བཟང་བོ་མྱོང་བ་ལ་བརྟེན་ནས་རིམ་བཞིན་མི་གཤིས་ཚུལ་ལྡན་དང་བཟང་བོ་ཞིག་ཏུ་གྱུར་བའི་བརྒྱུད་རིམ་ཁྲོད་དུ། ང་ལ་མཚོན་ན་ཆེས་བཀའ་དྲིན་ཆེ་བ་ནི།རང་གི་དྲིན་ཆེན་ཕ་མ་ཅི་ལ་མིན། ཡིན་ནའང་། ཕྲན་གྱི་ཨ་ཕ་བུད་མེད་གཞན་གྱི་འདོད་བརྩེ་ལ་གཡེང་ནས་ངེད་མ་སྨད་གསུམ་པོ་སྡུག་བསྔལ་མུན་པའི་འཇིག་རྟེན་ཞིག་ཏུ་བརྫངས་སོང་། དུས་དེ་ནས་བཟུང་། དགུན་གྱི་གྲང་ངར་དང་དབྱར་གྱི་ཚ་གདུང་ལ་མི་འཛེམ་པར། དྲིན་ཆེན་གྱི་བདག་མོས། ང་ལ་འོད་ཆེམ་ཆེམ་གྱི་འཇིག་རྟེན་གསར་བ་ཞིག་འབད་པས་བསྐྲུན། དུས་དེ་ནས་བཟུང་ཨ་ཕ་ཞེས་པའི་མིང་དེ་ཐོས་ཐེངས་རེར།གློག་དམར་འཁྱུག་པ་བཞིན་ངའི་ནང་སེམས་ལ་ཚ་རེག་གི་ཚོར་བ་བཟོད་གླགས་མེད་པར་དུམ་བུར་གས་ཤིང་སོས་མི་སྲིད་པའི་རྨ་ཁ་ཞིག་ཏུ་གྱུར་ནས་ནམ་ཡང་གླེང་བའི་མོས་འདུན་དབེན། བདག་གི་ཨ་མ་ནི་གཟུགས་ཅུང་རིང་ཞིང་ངོ་གདོང་དཀར་ལ་དམར་མདངས་རྒྱས། གཙང་སྦྲ་ལ་དགའ་ཞིང་ལས་ལ་བརྩོན་པ་ཡིན། ངེད་མིང་སྲིང་གཉིས་ཨ་མའི་འབད་བརྩོན་དང་ཞུམ་མེད་ཀྱི་སྙིང་སྟོབས། མཚར་སྡུག་གི་འོད་སྣང་ལ་སེམས་པ་གླན་ནས་ནར་སོན་པ་ཡིན།

           ཕྱིས་སུ། ཨ་མས་ངེད་སྤུན་གཉིས་ལ་ལྟ་སྐྱོང་དགོས་ཤིང་།ཞོར་དུ་ཕྱུགས་རྫིའི་བུ་མོའི་མིང་བྱང་བོར་མ་མྱོང་། སྐད་ཅིག་ཙམ་གྱིས་ང་རང་ལོ་དྲུག་ལ་སོན་པས།ཨ་མས་དཀའ་བ་རྒྱབ་ཏུ་ཁུར་ཅིང་ངལ་བ་ཁྱད་དུ་བསད་ནས་བྱིས་དུས་ཀྱི་མཚར་སྣང་དང་རེ་སྒུག་གི་ཆ་ནས། བདག་ལ་སློབ་གླིང་དུ་གོམ་པ་དང་པོ་སྤོ་བའི་སྐལ་བཟང་གནངས། ཨ་མས་འཛུམ་དམུལ་དམུལ་གྱིས་ང་རང་སློབ་གྲྭར་སྐྱེལ་བའི་ཉིན་དེ་ནི། དྲན་པའི་ཟིན་ཐོ་ལས་ནམ་ཡང་བརྗེད་རྒྱུ་མེད་པར་སེམས་སུ་ཉར་ཡོད། སློབ་ཆུང་ལོ་རིམ་གསུམ་གྱི་དུས་སྐབས་ནི།རྩེད་སྣང་དང་དགའ་སྣང་ངང་སློབ་གྲོགས་ཕན་ཚུན་བར་བདའ་རེས་དང་རྡུང་རེས་བྱས་ནས། རྒྱུན་པར་ཞིང་ཁར་སྦ་སྟེ་སློབ་ཁྲིད་ལ་མ་ཞུགས་པ་ཐེངས་གཅིག་མིན་པས། དུས་ཚོད་གང་མང་ཆུད་ཟོས་སུ་བཏང་བ་ནི་ད་ཆ་ཆེས་འགྱོད་དགོས་པའི་དོན་ཞིག་ཏུ་འཁུམས། རྗེས་སུ་ཨ་མས་ཞིང་ལས་གཙོ་བོར་གཉེར་བས་ངེད་སྤུན་གཉིས་ཀྱི་ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གྱོན་རྒྱུའི་ཆེད་དཀའ་སྡུག་གང་མང་མྱངས་དགོས་བྱུང་། ད་དུང་།ཟས་ཞིམ་པོ་ཁམ་གང་ཡོད་ན་ངེད་སྤུན་གཉིས་ལ་འཇོག ཁབ་དང་སྐུད་པ་རེ་རེ་བརྒྱུད་ནས་ལྭ་བ་གསར་བ་བཟོས་མྱོང་། དེང་སང་ཆུང་དུས་ཀྱི་དགའ་སྐྱོ་གཉིས་ལྡན་གྱི་ཚོར་བ་དྲན་ཐེངས་རེར་ངའི་མིག་ཟུང་ལས་རང་དབང་མེད་པར་མཆི་མ་འཐོར་འགྲོ།མིག་རྡེབ་ཙམ་གྱི་རིང་སློབ་ཆུང་ལས་མཐར་ཕྱིན་ནས། དམའ་འབྲིང་ལ་འགྲོ་བའི་སྟ་གོན་བྱས། ས་ཐག་རིང་ལ་འགྲོ་བའི་སྐབས་སུ། ཨ་མས་རྒྱུན་དུ་ང་ཚོའི་མགོ་ལ་བྱིལ་བྱིལ་བྱེད་ཞོར་མིག་མཐའི་མཆི་མས་གྱེས་བརྡ་གཏོང་། སློབ་འབྲིང་ལ་ཐོན་རྗེས་ནུས་པ་ཅི་ལྕོགས་ཀྱིས་སློབ་སྦྱོང་ལ་འབད་འབུངས་བྱས་པས།སི་ཁྲོན་བོད་ཡིག་སློབ་གྲྭའི་བརྡ་ཐོ་འབྱོར་བྱུང་།ཉིན་དེར། ཨ་མའི་གདོང་ལ་སྔར་མེད་ཀྱི་འཛུམ་མདངས་གསར་བ་དང་དགའ་སྤྲོས་ཡོངས་སུ་ཁེངས་ཤིང་།ཨ་མ་བུ་མོ་ཁྱེད་ཀྱི་ཆེད་དུ་བློ་ཕམ་མ་མྱོང་ལ་མ་འོངས་པར་ནུས་པ་ཡོད་རྒུས་ཡོན་ཏན་སྦྱོང་བའི་གོ་སྐབས་འདི་ཆུད་ཟོས་སུ་མ་བཏང་པར་མི་ཚེའི་ནང་རེ་བ་ཡོད་པའི་མི་ཞིག་ཏུ་འགྱུར་དགོས་ཞེས་གསུངས། སྤྱིར་བདག་གི་སྦྱངས་འབྲས་གཡུར་དུ་ཟ་བ་ཞིག་མ་ལོན་ཡང་། ཨ་མས་བཀའ་བཀྱོན་ཚིག་གཅིག་ཀྱང་བྱས་མ་མྱོང་ལ། རྣམ་འགྱུར་མི་ལེགས་པ་ཙམ་ཡང་མི་སྟོན་པར།མུ་མཐུད་འབད་བརྩོན་གྱིས་དང་རྒྱལ་ཁ་ཐོབ་ངེས་ཞེས་ཡང་ཡང་གསུངས། འདི་ནི་ང་ལ་བདེ་སྐྱིད་ཀྱི་འོད་སྣང་སྦྱིན་མཁན་གྱི་དྲིན་ཆེན་བདག་མོ་ཡིན།

         བརྩེ་བའི་མ་ཡུམ་ལགས། ཁྱེད་ངའི་མི་ཚེའི་རིན་ཐང་ལ་ཁ་ཕྱོགས་སྩོལ་མཁན་ཡིན།ཁྱེད་ཀྱི་བརྩེ་བས་གཉོར་སྐྱོང་ལ་བརྟེན་ནས་རྒྱལ་ཁ་ཐོབ་པར་ཐག་ཇེ་ཉེ་ནས་ཇེ་ཉེ་ཡིན་ངེས། སེམས་ཀྱི་ལྷ་མོ་ལགས། ང་ལ་ཡིད་ཆེས་དང་སྤོབས་པའི་འདུ་ཤེས་བསྐྱེད་དུ་བཅུག་པས་ངའི་མི་ཚེའི་བདེ་སྐྱིད་ནི་ཁྱེད་ཀྱི་རྔུལ་ཆུ་ལས་བསྐྲུན་པ་ཤེས་ཡོད། བྱམས་བརྩེའི་བདག་མོ།བརྗོད་ན་བགྲང་ལས་འདས་ཤིང་འཇལ་ན་གཞལ་ཐབས་བྲལ་བའི་ཁྱེད་ཀྱི་བཀའ་དྲིན་ཟབ་མོ་སྙིང་དབུས་ནས་དྲན། སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ། བུ་མོའི་སྐྱེ་བ་ལན་གཅིག། ཨ་མ་ཁྱེད་དང་མཇལ་སོང་། ཨ་མ་རྗེ་བཙུན་སྒྲོལ་མས། ཨ་མར་བརྩེ་བ་གཟིགས་རོགས། མཐར་དྲིན་གྱི་བདག་མོ་ཚེ་རིང་ལོ་བརྒྱ། ནད་མེད་ཚེ་རིང་། ཅི་བསམ་ཆོས་བཞིན་འགྲུབ་པར་སྨོན།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།