སྨུག་པ།

རྩོམ་པ་པོ།   བཙན་མི། དུས་ཚོད།   2020-05-06   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        དཔྱིད་ཀའི་ཞོགས་པར་སྨུག་པ་ལྷག་ཏུ་འཐིབ་ངེས། སྨུག་པ་འཐིབ་ཚེ་རྒྱང་རིང་མཐོང་མི་སྲིད། མདུན་ཕྱོགས་ཀྱི་རི་ངོས་ཙམ་ཡང་མཐོང་མི་སྲིད། སྨུག་པས་ཡོད་ཚད་ཕྱི་གཏིམ་ནང་གཏིམ་བྱས་ཚེ། དོན་དམ་དུ་ང་ཚོས་སུ་ཞིག་དྲན་ན་འོས་སམ། གཏམ་རྒྱུད་དུ་བྱུང་བའི་འཇིག་རྟེན་ཞིག་ལ་ཡིད་སྨོན་བྱས་ཏེ། གཏམ་རྒྱུད་དེའི་ནང་གི་གནམ་ལ་འཕུར་ཞིང་ས་རུ་འཛུལ་བའི་མི་སྣ་དེའི་སྣང་བརྙན་དུ་ཉུལ་ནས། འཆི་བའི་ལག་པ་རང་ཉིད་ཀྱི་ལག་པར་མ་འཇུས་བར་དུ། ང་ཚོ་ཁ་རོག་གེར་སྡོད་རྒྱུ་ཡིན་ནམ།

        སྨུག་པས་གཏིམ་པ་ནི་གཡས་གཡོན་གྱི་ཁོར་ཡུག་གཅིག་པུ་མ་རེད། སྨུག་པ་འཐིབ་པའང་ཕྱི་རོལ་གྱི་རི་ལུང་ཁེར་བུ་མ་རེད། སྨུག་པ་ཁྱོད་ཀྱི་མིག་ནང་བརྒྱུད་ནས་སེམས་ངོགས་སུ་འཐིབ་ཀྱིན་འདུག སྨུག་པས་ཁྱོད་ཀྱི་དབང་བོ་ལྔའི་ཡུལ་གྱི་དུས་གསུམ་གཏིམ་གྱིན་འདུག

       ཉག་ཁ་ནས་ཚུར་བརྐྱངས་བའི་ལམ་བུ་དེ། མེས་པོ་སྦྲ་གུར་ཅན་ནས་ད་ལྟའི་བར་དུ། མི་ཚེ་ལ་བཞི་བཤད་འབྲི་མཁན་དག་ཕར་ལ་བཞུད་ལམ་དང་། མི་ཚེ་ལ་དབུ་འཁྱུད་འབྲི་མཁན་དག་ཚུར་ལ་ཡོང་ལམ་ཡིན། ཉག་ཁའི་ལམ་གན་སྐྱ་ཤུར་ཤུར་གྱིས་དོད་པ་ནས་བཟུང་། འུ་ཚོའི་འཚོ་བའང་སྐྱ་ཤུར་ཤུར་ཞིག་ལས་ཅི་ཡང་ཡོད་ཐབས་མ་བྱུང་།

       ལམ་བུ་དེ་དེ་ལྟར་དོད་པ་ནས་བཟུང་། འུ་ཚོའི་ཕར་ནང་གི་འཇིག་རྟེན་ནས་གློག་སྒྲོན་གསར་བ་ཞིག་ཉོ་ཐུབ་སོང་། ལམ་བུ་དེ་ནས་འཕྲུལ་རྟ་ཞོན་མཁན་ཞིག་ཀྱང་བསླེབས་ཐུབ་སོང་། ཡིན་ན་ཡང་། རྣམ་ཀུན་དཔྱིད་ཀྱི་དུས་ཚིགས་ཀྱིས་ས་གཞི་ལ་རང་མདངས་མངོན་དུ་བཅུག་པ་ན། མཚམས་མཚམས་སུ་སྨུག་པ་འཐིབ་སྲིད། སྨུག་པས་ལམ་བུ་དེ་འུ་ཚོའི་མིག་ལམ་ནས་མི་སྣང་བར་ཁྱེར་རྗེས། འུ་ཚོས་ཅི་ཡང་མི་མཐོང་ན་ཡང་སེམས་ངལ་དང་རེ་དོགས་མེད་པས། ལམ་དུ་དེ་ནས་འཕྲུལ་རྟ་ཞོན་མཁན་ཞིག་ལས་སུ་ཡང་ཡོང་ཐབས་མ་བྱུང་།

       དཔྱིད་ཀའི་ཞོགས་པར་སྨུག་པ་འཐིབ་ཚེ། འུ་ཚོས་མིག་མདུན་གྱི་སྨུག་པ་སེམས་ངོགས་སུ་འཐིབ་པར་དོགས་སྣང་བྱེད་ཀྱིན་མི་འདུག འུ་ཚོས་ནང་སེམས་ནས་ཅི་ཞིག་བོར་བརླག་ཏུ་གྱུར་ཡང་ཡོད་ཚད་ཁ་རོག་གེར་བསྐྱུར་འཇོག དེ་ལྟར་འུ་ཚོའི་འཁྲིག་མའི་སྟེང་ན་སྐྱོད་པའི་དུས་ཚོད་ཀྱི་ཐག་སྒྲ། ཤེལ་དང་རྡོ་བ་ཡང་ཡང་འཕྲད་པའི་སྒྲ་ཞིག་ལས་གང་ལ་ཡང་འཁྲུལ་མི་སྲིད། གཟུགས་མེད་པའི་འུ་ཚོའི་རྒྱབ་ཕྱོགས་ཆག་རུལ་དུ་གྱུར་བའི་དངོས་པོ་གཅིག་པུས་གང་། དེའི་རྗེས་སུ་འུ་ཚོའི་འདས་པའི་རྡོ་བ་དེའི་ངོས་སུ་ཅི་ཞིག་བརྐོས་ཡོད་དམ། ཡང་ན་འུ་ཚོའི་གཉེན་དུ་གྱུར་བའི་བྱིས་པ་དག་གིས་འུ་ཚོའི་འདས་དུས་ཀྱི་གཞུང་ལམ་ནང་ནས་ཅི་ཞིག་རྙེད་ཐུབ་བམ།

       སྨུག་པ་ནི་དཀར་ཆ་ཤས་ཆེ་བའི་རླངས་གཟུགས་གཅིག་པུ་མ་ཡིན་པར། གོམས་ལོབས་སུ་སོང་བའི་རྐུན་ལག་བཞིན། དུས་དང་གནས་ངེས་མེད་དུ་འུ་ཚོའི་གང་ཞིག་ཏུ་གཏོར་བཅོམ་བྱེད་བཞིན་འདུག འུ་ཚོས་ཡུན་རིང་ལ་བསམ་གཞིགས་ཇི་ལྟར་བྱས་ཀྱང་། སྨུག་པ་ནི་ཤིན་ཏུ་འཇམ་པ་ལྟ་བུར་སྣང་ན་ཡང་། སྨུག་པའི་ནང་དུ་བལ་གྱི་ཚེར་མ་དང་། བརླན་གཤེར་གྱི་འཛེར་མ་ཡོད་ངེས། དེ་བས་སྨུག་པ་འཐིབས་ཚེ་ང་ཚོས་རང་ཉིད་དྲན་འོས། སྨུག་པའི་ནང་ཅི་ཡང་མི་མཐོང་བ་དང་། ཉག་ཁ་ནས་བརྐྱང་བའི་ལམ་བུ་དེའང་མི་མཐོང་བ་དྲན་འོས།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།