བདག་སེམས་ཀྱི་རྔ་ལྗོངས་ཕྱུག་མོ།

རྩོམ་པ་པོ།   ཅོ་བྱང་སྐར། དབྱང་ཅན།དུས་ཚོད།   2020-04-28   རྩོམ་ཁུངས།    རྔ་བ་ཁུལ་ཀིརྟི་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་།

མཚན་སྙན་གྱི་གྲགས་པ་སུས་ཀྱང་གོ་མྱོང་ལ།

ཕྱོགས་བཞིའི་སྐུ་མགྲོན་མ་བོས་རང་འགུལ་གྱིས་ཕེབས་ཡོང་སའི་གཞིས་མལ་སྐྱིད་པོ།

རྩྭ་ཐང་གི་མུ་མཐའ་མིག་རྒྱང་གཅིག་གིས་མཇལ་མི་ཐུབ་ལ།

རང་བྱུང་གི་མཛེས་དཔལ་མངོན་སུམ་དུ་གྲུབ་ཡོད་པའི་མཐོ་སྒང་གི་གནས་མཆོག་སྐྱིད་པོ།



རིག་བཅུ་ཡི་གཏེར་མཛོད་ངང་གིས་བྱུང་ལ་གཞོན་སྐྱེས་ཀྱི་རྗེས་རབས་མང་དུ་འཕེལ་བའི།

ཡིད་འོད་གི་གྲོང་སྡེས་ཡིད་དབང་བཀུག་ལ་གཞིས་མལ་དུ་བདེ་སྐྱིད་ཀྱི་རང་སྒྲ་སྒྲོག་པའི།

དག་གཙང་གི་ཆུ་མོ་ལྷུང་ལྷུང་དུ་འབབ་ལ་མགྱོགས་འགྲོས་ཀྱི་ཉ་མོ་ལྡེམ་མྱུར་ཆེ་པའི།

རྒྱུ་འབྱོར་དང་དཔལ་ཡོན་རིར་ལྟར་སྤུངས་པའི་བདག་སེམས་ཀྱི་རྔ་ལྗོངས་ཕྱུག་མོ།



དག་གཙང་གི་རྣམ་རིག་མཐོ་སྒང་དུ་ཁྱབ་པའི་གཞིས་ལམ་འདི་རུ།

རྣམ་པར་བཀྲ་བའི་མཆོད་རྟེན་གྱི་རྩེ་མོ་མཐོ་རུ་འཕགས་ལ།

བདེ་དྲོད་ཁོལ་བའི་བོད་ཁྱིམ་གྱི་འབྲོག་སྡེ་གཡས་སུ་འཁྱིལ།



སེར་ཆེན་མེ་ཏོག་གི་རྒྱ་མཚོའི་ཀློང་ན་འབའ་འབའ་ལུ་གུས་མཆོངས་ལྡིང་ལ་རྩེན་ལ།

མུ་མཐའ་བྲལ་བའི་རྩྭ་ཐང་གི་དབུས་སུ་རྟ་ནོར་ལུག་གིས་སྤྲོ་ཚོགས་ལ་རོལ་བཞིན།

ལོ་ཟླ་ཡི་བརྩེ་བ། བདག་སེམས་ཀྱི་རྔ་ལྗོངས་ཕྱུག་མོར་གཏད།



ཆོས་ཉིད་ཀྱི་བཀོད་པ་གཞིས་ལམ་འདི་རུ་འཁྲུངས་པའམ།

ཡང་ན་པུར་རྩལ་གྱི་བྲིས་མཁན་གནས་མཆོག་འདི་རུ་ཕེབས་པ་བཞིན།

ལྷ་ཡུལ་གྱི་མཛེས་དཔལ་མི་ཡུལ་དུ་ཕོབ་པའི་རྔ་ལྗོངས་ཕྱུག་མོ།



ཕྱི་ནང་གཉིས་ལ་བདེ་དྲོད་ཀྱི་སྣང་བ་བསྟེར་སྲིད་ལ།

ལྷོད་ལྷོད་ཀྱིས་མི་ཡུལ་གྱི་མཛེས་སྡུག་དཔལ་གྱིས་རོལ་ཆོག

མཛེས་སྡུག་གི་དཔལ་ཡོན་ལྷ་ཡུལ་ལ་འགྲན་པའི་བདག་སེམས་ཀྱི་རྔ་ལྗོངས་ཕྱུག་མོ།

རྨི་ལམ་གྱི་མཛེས་སྡུག་མངོན་སུམ་དུ་འཕོས་པའི་བདག་སེམས་ཀྱི་རྔ་ལྗོངས་ཕྱུག་མོ།



གོམ་འགྲོས་དལ་དུ་བཏང་ནས་ཞིབ་ཏུ་གཟིགས་དང་།

འཚོ་བ་ཡི་གཟུགས་རིས་ལོ་ཟླ་རུ་བཀོད་པའི་དུས་ཚིགས་དེར།

ཕྱོགས་བཞིའི་སྐུ་མགྲོན་ཀུན་ལ་སྔར་མེད་ཀྱི་བདེ་བ་བསྩོལ་ལ།

དག་གཙང་གི་ཡུལ་ལྗོངས་འདི་ནས་མཛེས་སྡུག་གི་ཁ་དོག་མཐོང་ཐུབ།



སྔོན་བྱོན་མེས་པོའི་དྲིན་གྱིས་བསྐྱངས་མྱོང་པའི།

འཆམ་མཐུན་སྲོལ་བཟང་གིས་སྣེ་ཁྲིད་བྱས་མྱོང་པའི།

བདག་སེམས་ཀྱི་རྔ་ལྗོངས་ཕྱུག་མོ།

རྨི་ལམ་ནས་རྨིས་མྱོང་ལ་མངོན་སུམ་པུར་རྩེ་ནས་ཐོན་མྱོང་པའི།

དག་ཞིང་གི་མཛེས་ལྗོངས་ཉམས་རེ་དགའ།



ཡིད་ཀྱི་དང་པ་འདྲེན་པའི་བདག་སེམས་ཀྱི་རྔ་ལྗོངས་ཕྱུག་མོ།

སེམས་ཀྱི་སྨོན་པ་ཁྱེད་ལ་ཕྱོགས། ཡིད་ཀྱི་རེ་སྨོན་ཁྱེད་ལ་འཁོར།


རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།