རང་གི་མགོན་དུ་རང་བྱོན་ཏེ།།དབུལ་སྒྲོལ་ལམ་བུ་རང་གིས་བསལ།།

​ཧུང་ཡོན་རྫོང་སྐྱ་མགོ་མའི་མེ་ཏོག་སྐྱིད་ཀྱི་དབུལ་བྲལ་ལམ་བུ་རགས་བཀོད།

རྩོམ་པ་པོ།   གསར་འགོད་པ་གསང་བདག་སྒྲོལ་མ།དུས་ཚོད།   2020-04-24   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཧུང་ཡོན་རྫོང་སྐྱ་རོང་ཡུལ་ཚོ་སྐྱ་མགོ་མའི་ལོ་64ལོན་པའི་བགྲེས་མོ་མེ་ཏོག་སྐྱིད་ནི་2014ལོར་ཡིག་ཚགས་སུ་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཁྱིམ་དུ་གཏན་ལ་འཁེལ་ཞིང་། ཁྱིམ་དུ་བཟའ་མི་ལྔ་ཡོད་པ་དང་། སློབ་ཆེན་སློབ་མ་གཉིས་དང་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་གཅིག ད་དུང་འཚོ་བ་རང་མགོ་མི་ཐོན་པའི་དབང་པོ་སྐྱོན་ཅན་གྱི་གཅེན་པོ་གཅིག་ཡོད། མེ་ཏོག་སྐྱིད་ཀྱིས་ཁྱིམ་ཚང་གི་འགན་འཁྲི་དང་དུ་བླངས་ཏེ་རང་སྟོབས་རང་སྤེལ་བྱས་ཏེ་2017ལོར་དབུལ་ཕོངས་ལས་ཐར།

          སྐྱ་རོང་ཡུལ་ཚོ་ནི་ཧུང་ཡོན་རྫོང་གི་ལྷོ་ནུབ་ཀྱི་ཕྱོགས་སུ་ཆགས་ཤིང་། རྒྱ་མཚོ་ངོས་ལས་མཐོ་ཚད་ལ་སྨི་3805ཡོད་པ་དང་། ལོ་ཧྲིལ་བོར་མཁའ་རླུང་དཀོན་པས་ལོ་རེར་དྲོད་ཚད་དམའ་ཤོས་-38.8℃ཡིན་མོད། འོན་ཀྱང་གྲང་ངར་ཆེ་བའམ་ཡང་ན་ཚ་གདུག་ཆེ་བའི་དུས་སུ་མེ་ཏོག་སྐྱིད་ཀྱིས་སྔར་བཞིན་ནངས་སྔ་ལངས་དང་དགུང་འཕྱི་ཉལ་གྱིས་ནོར་གནག་འཚོ་བ་དང་། འོ་མ་བཞོ་བ། མར་དང་ཕྱུར་བ་བཙོང་ནས་བུ་ཕྲུག་ཚོའི་སློབ་ཡོན་དང་གཅེན་པོའི་སྨན་རིན་བསགས།

         2017ལོར་མེ་ཏོག་སྐྱིད་ཀྱིས་ཁྱིམ་ཚང་གི་དབུལ་སྐྱོར་ཐོན་ལས་མ་དངུལ་ལ་བརྟེན་ནས་ནོར་གནག་16ཉོས་པ་དང་། ལོ་གཉིས་ཀྱི་རིང་ལ་འཚོ་སྐྱོང་བྱས་ཏེ་ད་སྐབས་ནོར་གནག་56ཡོད་ལ། ལོ་རེར་མི་རེར་ཆ་སྙོམས་ཀྱི་ཡོང་འབབ་སྒོར་7000ལྷག་ཡོད། ད་ནས་བཟུང་མེ་ཏོག་སྐྱིད་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ནས་དབུལ་ཁྱིམ་གཞན་དག་གིས་སློབ་སྦྱོང་བྱེད་སའི་མིག་དཔེར་གྱུར་ཡོད།

        མེ་ཏོག་སྐྱིད་ཀྱིས་ད་ནི་འཚོ་བར་རེ་བ་ཁེངས་ཤིང་། བུ་ཕྲུག་གཅིག་སློབ་མཐར་ཕྱིན་ནས་ཞོར་ལས་གཉེར་ཞོར་དུ་བྱ་བ་འཚོལ་བཞིན་ཡོད་པ་དང་། ཚ་བུ་གཅིག་ད་དུང་སློབ་ཆུང་འགྲིམ་བཞིན་ཡོད་ལ། གཅེན་པོ་ཡང་དལ་བུར་འགྲོ་ཐུབ་ཅེས་ངོ་ལ་འཛུམ་གྱིས་ཁེངས་ཞོར་དུ་བཤད།

       དབུལ་ཕོངས་ལས་ཐར་རྗེས་མེ་ཏོག་སྐྱིད་ཡུལ་ཚོས་སྤེལ་བའི་འབྲོག་ལས་གསོ་ཚགས་རྩལ་ནུས་གསོ་སྦྱོང་དུ་ཞུགས་ཤིང་། སྡེ་མི་ཚོའི་ཁོ་མོ་ལ་ནོར་གནག་འཚོ་སྐྱོང་ཐད་ལ་རྩལ་ནུས་ངེས་ཅན་ཞིག་ཡོད་པ་ཤེས་ནས་རྟག་ཏུ་མོ་ལ་བློ་དྲིས་པ་དང་། མེ་ཏོག་སྐྱིད་ཀྱིས་ཕྱུགས་རིགས་འཚོ་སྐྱོང་ཉམས་མྱོང་ཁྲིད་པ་དང་། ཐབས་ཤེས་སྣ་ཚོགས་བཏོན་ནས་ཁོ་ཚོའི་གནད་དོན་བསལ།

        སྐྱ་རོང་ཡུལ་ཚོའི་ཡུལ་དཔོན་གཞོན་པ་བསོད་ནམས་ནད་མེད་ཀྱིས། མོ་ལོ་60ཙམ་ལོན་ཡོད་མོད། འོན་ཀྱང་གསོ་སྦྱོང་དང་སྲིད་ཇུས་སྒྲོག་འགྲེལ། ཡང་ན་སྤྱི་ཕན་བྱེད་སྒོ་གང་ཡིན་རུང་མོ་ནང་ལ་ཞུགས་ཡོད་པར་མ་ཟད། ཧུར་ཐག་གིས་ཐབས་ཤེས་བཏོན་པ་དང་དཔེ་སྟོན་བྱས་ཡོད་ཅེས་བཤད།

        མེ་ཏོག་སྐྱིད་ཀྱིས་དབུལ་སྒྲོལ་བྱ་རྒྱུ་དེ་ཏང་དང་སྲིད་གཞུང་ཁོ་ནར་བརྟེན་མི་རུང་ལ། ང་ཚོ་རང་ཉིད་ལ་བརྟེན་ན་ད་གཟོད་ཡུན་རིང་གི་ཐབས་ཇུས་ཤིག་ཡིན་པས། དབུལ་སྒྲོལ་གྱི་ལམ་བུར་རང་གི་ནུས་ཚོད་ཀྱིས་ཁྱིམ་ཚང་འདི་གསོ་དགོས་པ་དང་། ཏང་དང་སྲིད་གཞུང་གི་རོགས་སྐྱོར་འོག་ད་སྐབས་ཀྱི་འཚོ་བ་སྔོན་དང་བསྡུར་ན་ཇེ་བཟང་དུ་གྱུར་ཡོད་པ་དང་། ད་ལོའམ་ཡང་ན་སང་ལོར་སྡོད་ཁང་གསར་བ་ཞིག་བསྐྲུན་འཆར་ཡོད་ཅེས་མ་འོངས་པའི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་ཞེས་བཤད།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།