གདགས་གཤིས་བསྐྱར་མངོན་པའི་ནད་པ་མང་ཆེ་བར་ནད་རྟགས་མེད།

རྩོམ་པ་པོ།   དུས་ཚོད།   2020-04-23   རྩོམ་ཁུངས།    མི་དམངས་དྲ་བ།

         ཟླ་4ཚེས་21ཉིན། པེ་ཅིང་སློབ་ཆེན་སྨན་ཁང་དང་པོའི་འགོས་ནད་ཚན་ཁག་གི་ཀྲུའུ་རེན་ཝང་ཀུའེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐོག་བསྟན་དོན། སྨན་ཁང་ནས་ཐོན་ཏེ་གདགས་གཤིས་བསྐྱར་མངོན་པའི་་ནད་པ་ལ་ནད་ཐོག་མཚོན་རྟགས་མངོན་གསལ་མེད་ཅིང་། དེ་ནི་ཉིང་སྐྱུར་བརྟག་དཔྱད་ལས་གདགས་གཤིས་མངོན་པ་ཙམ་རེད། ནད་པ་ཉུང་ཤས་ལ་ནད་རྟགས་འགའ་རེ་བྱུང་བཞིན་འདུག ཡིན་ནའང་། ནད་གཞི་ཇེ་སྡུག་ཏུ་འགྱུར་མཁན་ཧ་ཅང་ཉུང་ཉུང་རེད། 
       “གདགས་གཤིས་བསྐྱར་མངོན་གྱི་ནད་པ་ལ་སྔར་བཞིན་འགོས་གཤིས་ལྡན་པས། དམིགས་བཙུགས་སྨན་ཁང་དུ་ལོགས་བཀར་དང་གསོ་རིག་ལྟ་ཞིབ་ཟབ་མོ་བྱེད་དགོས། ”ཞེས་ཝང་ཀུའེ་ཆང་གིས་བསྟན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱིས་ཟླ་4ཚེས་6ཉིན་འགྲེམས་སྤེལ་བྱས་པའི་《ཏོག་གསར་གློ་ཚད་ཀྱི་ནད་པ་སྨན་ཁང་ནས་ཐོན་རྗེས་ཀྱི་བསྐྱར་བརྟག་ལས་དོན་འཆར་གཞི(ཚོད་ལྟའི་ལག་བསྟར)》བཏོན་དོན། ཏོག་གསར་གློ་ཚད་ནད་པ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་རྗེས། མུ་མཐུད་དུ་ལོགས་བཀར་བྱས་ནས་གསོ་རིག་ལྟ་ཞིབ་ཉིན་14ལ་བྱེད་དགོས། ལོག་བཀར་བྱེད་པའི་རིང་ལ་ཉིན་རེར་ལུས་དྲོད་འཇལ་བ་དང་། གཟུགས་པོ་བརྟག་དཔྱད་སོགས་གཟུགས་པོའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ་སྟེ། ཚ་བ་རྒྱས་མིན་དང་། དེ་བཞིན་དུ་གློ་ལུ་བ། དབུགས་འབྱིན་རྔུབ་དཀའ་བ་སོགས་དབུགས་ལམ་གྱི་ནད་རྟགས་ཡོད་མེད་ལ་བརྟག་དགོས། ནད་པ་སྨན་ཁང་ནས་ཐོན་རྗེས་སུ་ཁྱིམ་སྡོད་ལོགས་བཀར་རམ་ལོགས་བཀར་གནས་སུ་གཅིག་འདུས་ཀྱིས་ལོགས་བཀར་བྱེད་ཆོག

 རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།