ཝེ་ནེ་རུའེ་ལ་ཡིས་ཀྲུང་གོའི་སྨན་བཅོས་ཆེད་མཁས་ཚན་ཆུང་གི་ཁོངས་མི་ཡོངས་ལ་བྱས་རྗེས་གཟེངས་རྟགས་སྤྲད།

རྩོམ་པ་པོ།   འོད་གསལ་མཚོས་བསྒྱུར་སྒྲིག་བྱས།དུས་ཚོད།   2020-04-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        ཞིན་ཧྭ་གསར་འགྱུར་ཁང་ཅ་ལ་ཅ་སི་ནས་གློག་འཕྲིན་འབྱོར་གསལ།ཉེ་ཆར།ཀྲུང་གོའི་རིམས་ནད་འགོག་བཅོས་སྨན་བཅོས་ཆེད་མཁས་ཚན་ཆུང་གི་ཁོངས་མི་ཡོངས་ཀྱིས་ཝེ་ནེ་རུའེ་ལ་ནས་རིམས་འགོག་གི་རོགས་སྐྱོར་ལས་འགན་ལེགས་པར་གྲུབ་ནས་རྒྱལ་ནང་དུ་ལོག ཆེད་མཁས་ཚན་ཆུང་གིས་ཝེ་ནེ་རུའེ་ལའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་གཟེངས་བསྟོད་བྱ་ཆེད།ཝེ་ནེ་རུའེ་ལའི་སྲིད་གཞུང་གིས་ཆེད་མཁས་ཚན་ཆུང་གི་ཁོངས་མི་ཡོངས་ལ“ཧྥུ་ལང་ཞི་སི་ཁོ·ཏེ·སྨི་ལན་ཏ”ཞེས་པའི་རིམ་པ་གཉིས་པའི་བྱས་རྗེས་གཟེངས་རྟགས་སྤྲད།

       ཝེ་ནེ་རུའེ་ལའི་ཙུང་ཐུང་གཞོན་པ་ལུའོ་ཏེ་ལི་ཀོ་སི་དང་།ཕྱི་འབྲེལ་པུའུ་ཀྲང་ཨ་ལེ་ཡ་ས།དཔལ་འབྱོར་དང་ནོར་སྲིད་པུའུ་ཡི་པུའུ་ཀྲང་སའེ་ཨེར་ཕ་དང་།འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་ཨ་ཨེར་ཝ་ལ་ཏུའོ།དེ་བཞིན་ཝེ་ནེ་རུའེ་ལའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ལི་པའོ་རུང་རྣམས་ཆེད་མཁས་ཚན་ཆུང་ལ་བྱས་རྗེས་གཟེངས་རྟགས་སྤྲད་པ་དང་སྐྱེལ་མ་ཞུ་བའི་མཛད་སྒོར་ཞུགས།

       ལུའོ་ཏེ་ལི་ཀོ་སིས་ཀྲུང་གོའི་ཆེད་མཁས་ཚན་ཆུང་གི་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་ཀྲུང་གོའི་རིམས་ནད་འགོག་བཅོས་ཐད་གྲུབ་འབྲས་བཟང་བོ་ཐོབ་ཡོད་པའི་ཉམས་མྱོང་སྒེར་སེམས་མེད་པར་སྤེལ་བར་ཐུགས་རྗེ་ཆེ་ཞུས་ཤིང་།ཁོང་གིས་ཙུང་ཐུང་མ་ཏུའུ་ལུའོ་ཡིས་ཆེད་མཁས་ཚན་ཆུང་གི་ཁོངས་མི་ཡོངས་ལ་བྱས་རྗེས་གཟེངས་རྟགས་སྤྲོད་རྒྱུའི་ཆོག་མཆན་གནང་ནས་ཝེ་ནེ་རུའེ་ལའི་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོའི་ཆེད་མཁས་ཚན་ཆུང་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་ཡོད་ཅེས་བཤད།

      ལི་པའོ་རུང་གིས་མིག་སྔར་རིམས་ནད་འཛམ་གླིང་ཧྲིལ་བོར་ཁྱབ་བཞིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡིད་ཆེས་བརྟན་པོ་བཅངས་ནས་མཐུན་སྒྲིལ་ངང་རྒྱལ་ཁ་ལེན་དགོས།ཀྲུང་གོ་དང་ཝེ་ནེ་རུའེ་ལའི་མི་དམངས་བར་བརྩེ་བ་ཟབ་མོ་ཡོད་པ་དང་།ཀྲུང་གོས་ཝེ་ནེ་རུའེ་ལའི་སྲིད་གཞུང་གི་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཚད་མཐོའི་གདེང་འཇོག་བྱས་པར་མ་ཟད་ཝེ་ནེ་རུའེ་ལའི་རིམས་ནད་འགོག་བཅོས་ཀྱི་ལས་དོན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད་ཅེས་བཤད།

      ཆེད་མཁས་ཚན་ཆུང་གི་ཙུའུ་ཀྲང་ཧོང་མའོ་ཡིས་ཝེ་ནེ་རུའེ་ལར་སྡོད་རིང་།ཆེད་མཁས་ཚན་ཆུང་གིས་ཝེ་ནེ་རུའེ་ལར་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དང་མི་ཚོགས་ལོགས་བཀར་དོ་དམ་བྱེད་སྟངས།སྨན་བཅོས་ཇུས་གཞི་ལེགས་སྒྲིག་དང་ནད་གཞི་ལྕི་བའི་ནད་པར་སྨན་བཅོས་དང་།དེ་བཞིན་ལྟ་སྐྱོང་སོགས་ལ་དམིགས་ཏེ་གྲོས་བསྡུར་དང་བསམ་བློ་བརྗེ་རེས་བྱས་ཡོད་ཅེས་བཤད།

       ཀྲུང་གོའི་ཆེད་མཁས་ཚན་ཆུང་ནི་ཟླ་3ཚེས་30ཉིན་ཝེ་ནེ་རུའེ་ལར་འབྱོར་བ་དང་ཆེད་མཁས་ཚན་ཆུང་དེ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུས་བཙུགས་པ་རེད། ཚན་ཆུང་གི་ཁོངས་མི་རྣམས་ནི་ཅང་སུའུ་ཞིང་ཆེན་གྱི་རིམས་ནད་ཚོད་འཛིན་དང་ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་པ། ནད་གཡོག སྨན་ཁང་གི་འགོས་ནད་ཚོད་འཛིན་སོགས་ཀྱི་སྨན་པ་ཡིན།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།