མིག་སྔར་ཏོག་གསར་གློ་ཚད་ནི་ཨ་རི་བ་ཤི་རྐྱེན་གཙོ་བོ་རེད།

རྩོམ་པ་པོ།   འོད་གསལ་མཚོས་བསྒྱུར་སྒྲིག་བྱས།དུས་ཚོད།   2020-04-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       མི་དམངས་དྲ་བ་ཝ་ཧྲེང་ཏུན་ནས་ཟླ་4ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཨ་རིའི《ཉིའུ་ཡུའེ་སྐབས་དོན་ཚགས་པར》ལས་གནས་ཚུལ་སྤེལ་བ་ལྟར་ན། མིག་སྔར་ཏོག་གསར་གློ་ཚད་ཀྱི་རིམས་ནད་ནི་ཨ་རིའི་མི་དམངས་ཀྱི་ཤི་རྐྱེན་གཙོ་བོ་རེད།ཟླ་4ཚེས་7ཉིན་ནས་བཟུང་།ཨ་རིར་ཉིན་ལྟར་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཕོག་ནས་ཚེ་ལས་འདས་པའི་ནད་པ་1800ཡན་ལ་སླེབས་ཡོད་པ་དང་།སྐབས་རེར་ཉིན་རེར་མི་4000ཡན་ལ་སླེབས་འདུག དེ་དང་བསྡུར་ན།ཨ་རིར་ཉིན་རེར་སྙིང་ནད་ཀྱིས་ཚེ་ལས་འདས་པའི་ནད་པ་1774ལྷག་ཡོད་པ་དང་།ཉིན་རེར་འབྲས་སྐྲན་གྱིས་ཚེ་ལས་འདས་པའི་ནད་པ་1641ལྷག་ཡོད།

       ཝ་ཧྲེང་ཏུན་སློབ་ཆེན་གྱི་བདེ་ཐང་དམིགས་ཚད་དང་དཔྱད་དཔོག་ཞིབ་འཇུག་ཁང་གིས་བཟོས་པའི་ནད་ཡམས་རིག་པའི་དཔེ་དབྱིབས་ཀྱིས་ཐོག་མར་སྔོན་དཔག་བྱས་པ་ལྟར་ན།ད་ལོའི་དབྱར་ཁར་ཨ་རིར་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཕོག་ནས་ཚེ་ལས་འདས་པའི་ནད་པ་ཁྲི་10ནས་ཁྲི་24ཙམ་ལ་སླེབས་རྒྱུ་རེད།འོན་ཀྱང་ཚེས་17ཉིན་ཨ་རིའི་ཙུང་ཐུང་ཐེ་ལིའང་པུའུ་ཡིས་ཨ་རིའི་སྲིད་གཞུང་གི་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་གྱིས་ཨ་རི་བ་ཁྲི་བརྒྱ་ལྷག་གི་ཚེ་སྲོག་བསྐྱབས་ཡོད། ད་ལྟ་སྔོན་དཔག་བྱས་ན་ཚེ་ལས་འདས་པའི་ནད་པ་ཁྲི་6ཇེ་ཉུང་དུ་འགྲོ་རྒྱུ་རེད་ཅེས་བཤད།

      འོན་ཀྱང《ཉིའུ་ཡུའེ་སྐབས་དོན་ཚགས་པར》དུ་སྔོན་དཔག་བྱས་པ་ལྟར་ན་ཟླ་8ཚེས་4ཉིན་གྱི་བར་དུ་རྒྱུན་མཐུད་བྱ་རྒྱུ་རེད། ཡིན་ན་ཡང་དོ་དམ་ཚོད་འཛིན་གྱི་བྱ་ཐབས་ནན་པོ་ལག་བསྟར་བྱས་ཚེ་གཞི་ནས་མངོན་འགྱུར་བྱ་ཐུབ་པའི་ཐ་ཚིག་བསྒྲགས།གལ་ཏེ་རིམས་འགོག་གི་སྨན་ཁབ་མེད་ཚེ་ད་ལོའི་སྟོན་དགུན་དུ་ནད་ཡམས་དེ་བསྐྱར་དུ་འགོ་བའི་ཉེན་ཁ་ཆེན་པོ་ཡོད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།