ཉིང་ཁྲིའི་ནགས་ཚལ་མེ་སྐྱོན་བསད་ཚར་བ་དང་མི་སྣར་ཤི་རྨས་བྱུང་མེད།

རྩོམ་པ་པོ།   དུས་ཚོད།   2020-04-20   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

          ཟླ4པའི་ཚེས14ཉིན་གྱི་ཆུ་ཚོད17ཐོག བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉི་ཤར་གྲོང་ཚོར་ནགས་ཚལ་གྱི་མེ་སྐྱོན་ཤོར་ཞིང་། གསར་འགོད་པས་འཕྲལ་སྡོམ་པུའུ་ནས་ཤེས་རྟོགས་བྱས་པར། ཟླ4པའི་ཚེས18ཉིན་གྱི་ཆུ་ཚོད17བར་མེ་སྐྱོན་ཕལ་ཆེར་བསད་ཐུབ་ཡོད་པ་དང་། ཡུལ་དངོས་གཙང་བཤེར་དང་ལྟ་སྲུང་བྱེད་པའི་དུས་མཚམས་སུ་སླེབས་ཡོད། རྩད་ཞིབ་བྱས་པ་བརྒྱུད་མེ་སྐྱོན་ཤོར་བའི་རྒྱ་ཁྱོན་སྤྱི་ཆིང700ཙམ་ཟིན་པ་དང་། མི་ཤི་རྨས་དང་སྒྲིག་བཀོད་གལ་ཆེན་ལ་གཏོར་སྐྱོན་ཕོག་མེད། མིག་སྔར་མེ་ཤོར་བའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད།  

        མེ་སྐྱོན་བྱུང་རྗེས། འཕྲལ་སྡོམ་པུས་མེ་སྐྱོན་བྱུང་ཡུལ་གྱི་གནས་ཚུལ་དང་མེ་གསོད་འཕེལ་རིམ་ལ་རྒྱུན་མཐུད་ངང་བཀོད་སྒྲིག་དང་ཤེས་རྟོགས་བྱས་ཏེ། བབ་བསྟུན་ངང་མེ་གསོད་བྱ་ཐབས་བཀོད་སྒྲིག་བྱས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་འཕྲལ་དུ་ནགས་ཚལ་མེ་སྐྱོན་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ཏེ་ཡུལ་དངོས་སུ་མཉམ་འབྲེལ་བཀོད་འདོམས་པུའུ་བཙུགས་ནས་ནགས་ཚལ་མེ་སྐྱོན་གྱི་འཐབ་ས་དང་པོར་མེ་གསོད་པའི་ལས་འགན་མཐུན་སྦྱོར་བཀོད་འདོམས་བྱས་པ་རེད།

         འཕྲལ་སྡོམ་པུས་ངོ་སྤྲོད་བྱས་པར་གཞིགས་ན། མེ་སྐྱོན་ཐོན་ཡུལ་གྱི་ས་བབ་དམིགས་བསལ་ཡིན་ཞིང་། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི3250ཙམ་ཟིན་པ་དང་། ཆ་སྙོམས་ཀྱི་གཟར་ཚད་ཏུའུ70ཙམ་ཟིན་པས་མེ་གསོད་པར་དཀའ་ངལ་ཅུང་ཆེ། ཡུལ་དངོས་ཀྱི་མཉམ་འབྲེལ་བཀོད་འདོམས་པུའི་ཚན་རིག་དང་མཐུན་པའི་བཀོད་འདོམས་འོག ནགས་ཚལ་མེ་ཟོན་དཔུང་ཁག་གི་མི400ཡིས་ཉེན་ཁ་ཆེ་བའི་མེ་གསོད་ལས་འགན་འཁུར་བ་དང་། མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་མི220ཡིས་གཙོ་གནད་དམིགས་སའི་འགོག་སྲུང་དང་རྒྱང་བསྟེན་ཆུ་འདོན་ལ་འགན་ལེན་བྱས་པ་རེད། ནགས་ཚལ་སྟུག་པ་དང་ས་བབ་རྙོག་འཛིང་ཆེ་བ། རླུང་གི་ཁ་ཕྱོགས་འགྱུར་ལྡོག་ཆེ་བ། གཙོ་གནད་སྒྲིག་བཀོད་མང་བ་སོགས་ཀྱི་གནས་ཚུལ་དངོས་ལ་དམིགས་ཏེ་རླན་གཤེར་ཅན་དུ་སྒྱུར་བ་དང་། སྡོང་བོ་གཅོད་པ། སྲེག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་མེ་བསད་པ་རེད།

          ཐོལ་རྒོལ་རུ་ཁག་གིས་གནད་སྨིན་མེ་གསོད་བྱས་ནས་སྟོབས་ཤུགས་བཀོད་སྒྲིག་ལུགས་མཐུན་གྱིས་དམིགས་ཚད་གལ་ཆེན་སྲུང་སྐྱོབ་བྱེད་པ་དང་། མིའི་ཐབས་ལ་བརྟེན་ནས་ཆར་བ་དབེབས་རྒྱུར་གཞོགས་འདེགས་བྱས་ཏེ། ཡུལ་དངོས་སུ་མཉམ་འབྲེལ་བཀོད་འདོམས་པུས་སྤྱི་བདེ་དང་། དམག་དཔུང་། ལས་བྱེད་པ་དང་མང་ཚོགས་སོགས་མི་3000ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་མང་ཚོགས་དང་དངོས་ཟོག་གལ་ཆེན་དུས་ཐོག་ཏུ་གནས་སྤོ་བྱས་པ་རེད། །

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།