ཡུལ་ཤུལ་ལ་ས་ཡོམ་བྱུང་ནས་ལོ་10རིང་ལ་འབད་བརྩོན་དོན་གཉེར་སྐོར།

རྩོམ་པ་པོ།   དུས་ཚོད།   2020-04-15   རྩོམ་ཁུངས།    མི་དམངས་དྲ་བ།

         ཀྱག་ཀྱོག་གི་འབྲི་ཆུ་ཤར་ལ་རྒྱུག་ཅིང་། དཔྱིད་རླུང་གངས་རིའི་རྩེ་ནས་ལྡང་བཞིན་འབའ་ཐང་རྩྭ་ཐང་དུ་སླེབས། ལོ་ངོ10སོང་རྗེས།ང་ཚོ་སླར་ཡང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་སྐྱོད་སྐབས། དེ་སྔའི་རི་ཀླུང་ལ་ཆག་གྲུམ་ཤོར་བའི་གནས་ལ་སྐྱེ་སྟོབས་ཀྱིས་ཁེངས་ཡོད་པ་མཐོང་ཐུབ།ཏང་དར་དང་རྒྱལ་དར་གྱིས་མཁའ་དབྱིངས་ལ་རྒྱན་སྤྲས་ཤིང་། བོད་ལུགས་ཐོག་ཁང་ཆེ་མ་ཆུང་གསུམ་དང་།བགྲང་ལས་འདས་པའི་ཚོང་ཁང་། རི་མོ་དང་འདྲ་བའི་གྲོང་ཁྱེར་སོགས་མིག་ལམ་ལ་ཤར་ཡོང་།

          ལོ་10ལ་ཕྱིར་མིག་བལྟས་ཚེ། ཡུལ་ཤུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཟུང་ཞིང་།ཁ་གཏད་རོགས་སྐྱོར་བྱེད་མཁན་ཕྱོགས་ཁག་གི་སྟོབས་ཤུགས་དང་མཉམ་དུ་གཙང་གསུམ་ཆུ་འགོར་ལྟ་རེས་སྐྱོང་རེས་དང་འགག་སྒྲོལ་དཀའ་སེལ་བྱས་པ་དང་།ཁྱིམ་གཞིས་བསྐྱར་སྐྲུན་དང་། སྣོད་བཅུད་སྲུང་སྐྱོང་། དར་རྒྱས་གོང་འཕེལ་བཅས་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་སྐྱེ་བོ་ཀུན་ཧང་སངས་བར་བྱེད་པའི“ཀྲུང་གོའི་ངོ་མཚར་”བཏོད་ཡོད།

  དུས་རབས་གསར་པ། ཡུལ་ཤུལ་གསར་པ། འཚོ་བ་གསར་པ།

       ཟླ་6པར་ཡང་ཁ་བ་འབབ་ཅིང་། དྲོད་ཚད་རྟག་ཏུ་ཧྲེ་ཧྲི་ཏུའུ་ཀླད་ཀོར་མན་དུ་སླེབས་ཀྱི་ཡོད།གོམ་པ་གཉིས་སྤོས་ན་མགོ་ན་བ་དང་དབུགས་འཚང་བས། འདི་ནི་མི་མང་པོའི་མིག་ནང་གི“འཚོ་གནས་དཀའ་ཁུལ”ཡིན་ལ། ཡུལ་ཤུལ་གྱི་བུ་ཕྲུག་ཁྲི་40ཡི་ཁྱིམ་གཞིས་ཀྱང་རེད།2010ལོའི་ཟླ་4ཚེས་14ཉིན་ས་ཡོམ་རིམ་པ་7.1ཅན་ཞིག་གིས་མང་ཚོགས་ཁྲི་24ལྷག་ཙམ་དངངས་སྐྲག་གི་གནས་སུ་གྱར་བཅུག་ཡོད།

       ས་ཡོམ་བརྒྱབ་མ་ཐག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཕྲལ་ཐག་ཆོད་པོས་ཐབས་ཇུས་བཏོན་པ་དང་ཁྱིམ་གཞིས་གསར་པ་བསྐྱར་སྐྲུན་གྱི་ཇུས་ཆེན་སྔ་ཙམ་ཇུས་འགོད་བྱས་ཏེ།གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི་4200ཡན་ཟིན་པ་དང་། ཚོད་འཛིན་ཆ་རྐྱེན་མངོན་གསལ་དོད་པ།སྣོད་བཅུད་ཐད་ཀྱི་བླང་བྱ་མཐོ་བ། རྨང་གཞིའི་སྒྲིག་བཀོད་ཉམས་ཞན་བཅས་ཀྱི“འཛམ་གླིང་རང་བཞིན་གྱི་དཀའ་གནད”ཀྱི་མདུན་དུ། མཚོ་སྔོན་ཞིང་ཆེན་དང་རྒྱལ་ཡོངས་ཕྱོགས་ཁག་གི་རོགས་སྐྱོར་སྟོབས་ཤུགས་རྡོག་རྩ་གཅིག་སྒྲིལ་གྱིས“བསྐྱར་སྐྲུན་ལོ་3བྱས་ནས་ལོ་20ཡི་འཕེལ་རྒྱས་བྱུང་བའི”ཆོད་སེམས་ཐོག་ནས་མཐོ་གྲང་ས་ཁུལ་བསྐྱར་སྐྲུན་གྱི་ངོ་མཚར་བཏོད་ཡོད།

         ལོ་10ཡི་རིང་འགྱུར་ལྡོག་ཆེན་པོ་བྱུང་བ་དེས་ཡུལ་ཤུལ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།གྲོང་ཁྱེར་དོ་དམ་གྱི་འཆར་འགོད་སྔ་སྣུར་དུ་བཀོད་སྒྲིག་བྱས་པ་དང་། ཆུ་གཙང་གསིང་བཟོ་གྲྭ་དང་།ཆུ་སྙིགས་དྭངས་གཙང་བཟོ་གྲྭ། གད་སྙིགས་སྦས་ས་བཅས་ཀྱི་སྒྲིག་ཆས་སྔོན་ཐོན་ཡིན་པས། ཐཱན་ཉུང་འཚོ་བའི་ལྗང་མདོག་མངོན་ཡོད།ཡུལ་ཤུལ་གྲོང་ཁྱེར་གྱི་ཆ་འཕྲིན་ཅན་ཞབས་ཞུའི་ལས་སྟེགས་སུ“གནམ་མིག”ལས་གྲྭའི་དོ་དམ་ཞིབ་ཚགས་བྱེད་པ་དང་གྲོང་མིས་རེ་བ་བཏོན་ཚེ་ངེས་པར་དུ་དང་ལེན་བྱེད་པ་དེས་དྭངས་ཤིང་གཙང་བའི་འཚོ་བའི་ཁ་དོག་སྔོན་པོ་མངོན་གྱི་ཡོད།ཐོག་བརྩེགས་ཁང་ཆེན་ལས་མཐོ་བ་ནི་ད་དུང་ལྷབ་ལྷུབ་ཏུ་གཡོ་བའི་རྒྱལ་དར་ཡོད་ཅིང་། དེས་གང་སར་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་པ་ཏང་ཀྲུང་དབྱང་ལ་ཕྱོགས་པ་དང་དྲིན་ཚོར་ཡར་བརྩོན་གྱི་དམར་མདོག་མངོན་གྱི་ཡོད།

        དེང་རབས་རི་བོར་འགྲེང་སྟེ་ཡུལ་ཤུལ་གྱི“ལྗོངས་ཡོངས་ཀྱི་པར་”ཞིག་བརྒྱབ་པ་ན། བྲག་ཆུའི་ཁུག་ཀྱོག་ཏུ་ཚོན་མདོག་རྣམ་པར་བཀྲ་བའི་བོད་ལུགས་ཁང་པ་རི་ལྡེབས་ནས་ལུང་ཤུར་དུ་བཏིང་ཡོད།པར་རིས་སྟེང་ཐག་རིང་ནས་ཉེ་སར་སླེབས་དུས། འཕྲེད་ལམ་བཞི་དང་གཞུང་ལམ་བཅུ་དྲུག་གི་གཞུང་ལམ་ཐོག་རླངས་འཁོར་རྒྱུན་མི་ཆད་པར་རྒྱུག་བཞིན་ཡོད།བོད་ལྭ་གྱོན་པའི་རྨོ་བོ་ཟླ་བ་སྒྲོལ་མས་ཐང་ཆེན་དུ་སྐོར་བྲོ་འཁྲབ་བཞིན་ཡོད་པ་དང་། ཕྱི་རྒྱལ་ནས་ལོག་པའི་གཞོན་ནུ་ཚེ་རིང་འོད་ཟེར་གྱིས་ནུབ་ལུགས་གསོལ་ཚིགས་ཁང་དུ་མཱ་ཀེ་ལི་ཐ་ཕོར་བ་གང་སྡེབ་སྦྱོར་བྱེད་བཞིན་ཡོད།སྐལ་བཟང་བཀྲ་ཤིས་ཀྱིས་ཁྲོམ་གཞུང་ཞབས་བྲོའི་ལས་དོན་ཁང་དུ་རོལ་དབྱངས་དང་བསྟུན་ནས་བྲོ་འཁྲབ་སྟེ་གསོན་ཤུགས་ཀྱིས་ཁེངས།ཡུལ་ཤུལ་གསར་པ་ནི་ཁམས་ཁུལ་གྱི་སྡོད་རྒྱུར་འཚམ་པའི་གྲོང་ཁྱེར་ཡིན་པའི་ངོས་ནས་ཡིད་དབང་འཕྲོག་ཤུགས་གང་སར་མཐོང་རྒྱུ་ཡོད།

སྐྱེ་ཁམས་སྲུང་སྐྱོང་དང་།དབུལ་ཕོངས་ལ་འཐབ་པ། དམངས་འཚོར་ཕན་པ།

     ཡང་ཟླ་4པར་སླེབས། གྲོང་ཁྱེར་དུ་ཁྱིམ་གཞིས་བཙུགས་ནས་ལོ་6སོང་བའི་རྡོ་རྗེ་ཚེ་རིང་འབྲི་སྟོད་རྫོང་ལི་ཞིན་ཞང་སྙི་ཆེན་གྲོང་ཚོར་ལོག་ཅིང་།རི་སྒང་དུ་ལངས་ཏེ་རླུང་རྟ་གཏོར་ཞོར་ཚེ་འདས་གཉེན་ཉེ་ཚོར་སྨོན་ལམ་འདེབས་བཞིན་ཡོད།རི་འདབས་སུ་རྒྱུ་བའི་ཆུ་ཕྲན་གྱིས་རི་ལ་འཁྱིད་པའི་མཛེས་སྡུག་གི་རི་མོ་འབྲི་བཞིན་འབྲི་ཆུར་འབབ་བཞིན་ཡོད།

     དྲིན་ཚོར་བ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་འདོད་ན།“རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་བསྟར་དགོས། ཡུལ་ཤུལ་དུ་མང་ཚོགས་ཁྲི་10ཙམ་རྡོ་རྗེ་ཚེ་རིང་དང་འདྲ་བར་རྒྱལ་གཅེས་དང་ཕ་ཡུལ་ལ་གཅེས་པའི་ལྷག་བསམ་གྱིས་ཕྱུགས་བཀག་སྟེ་རྩྭ་ཐང་ནས་གནས་སྤོས་ཡོད།རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་རང་འགུལ་ངང་ཕྱུགས་རིགས་གསོ་ཚགས་ཀྱི་གྲངས་འབོར་ཉུང་དུ་བཏང་ཞིང་།འབྲོག་པ་ཁྲི་1.8སྣོད་བཅུད་དོ་དམ་སྲུང་སྐྱོང་དཔུང་ཁག་ནང་ཞུགས་ནས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་བྱས་པ་རེད།

        ས་མཐོའི་ཁོར་ཡུག་གི་ཆ་རྐྱེན་ཅུང་སྡུག་པས། ཡུལ་ཤུལ་ནི་མཚོ་སྔོན་གྱི་དབུལ་པོར་གྱུར་ཚད་མཐོ་ཤོས་དང་།དབུལ་ཚད་ཟབ་ཤོས། དབུལ་སྒྲོལ་དཀའ་གནད་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། 2015ལོར་ཡུལ་ཤུལ་གྱིས་མི་འབོར་དབུལ་པོ་དུད་ཚང་ཁྲི་3.5གྱི་མི་ཁྲི་11.24གནད་སྨིན་དབྱེ་འབྱེད་བྱས་ལ།དེས་མཚོ་སྔོན་གྱི་མི་འབོར་དབུལ་པོའི་21.5%ཟིན་ཡོད།

        དབུལ་སྒྲོལ་འགག་སྒྲོལ་གྱི་དུང་བརྡ་ནི་སེམས་འགུལ་ཐེབས་པ་དང་སྐད་གསང་མཐོ་བ་དང་།ཤར་ནུབ་རྒྱུད་ཀྱི་མཉམ་ལས་སྟོབས་ཤུགས་རྒྱུན་ཆད་མེད་པར་གཅིག་སྒྲིལ་བྱུང་། ཡུལ་ཤུལ་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་པེ་ཅིང་གྲོང་ཁྱེར་གྱིས“རང་བརྟེན”དང“རིག་སྐྱོར”ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་བཞི་མི176སྔ་རྗེས་སུ་མངགས་གཏོང་བྱས་ཏེ།ལག་རྩལ་སྐྱེལ་བ་དང་། ཉམས་མྱོང་སྤྲོད་པ། འདུ་ཤེས་སྒྱུར་བ་བཅས་བྱས་པ་མ་ཟད། ཡུལ་ཤུལ་ལ་ཐོན་ལས་རོགས་སྐྱོར་དང་གནད་སྨིན་དབུལ་སྒྲོལ་སོགས་ལ་ཁ་གཏད་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་26.63དོན་འཁྱོལ་བྱས་པ་རེད།དབུལ་སྒྲོལ་གྱི་སྦྱོང་བརྡར་བྱས་པ་བརྒྱུད་ཡུལ་ཤུལ་གྱི་མི་འབོར་དབུལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་2015ལོའི་སྒོར་2970ལས་2019ལོའི་སྒོར་5200ཡན་བར་འཕར་ཡོད།

     དབུལ་ཕོངས་འགོག་དགོས་ན་སློབ་གསོར་བརྟེན་དགོས།“ངས་སློབ་ཆེན་ལ་རྒྱུགས་སྤྲད་དེ་བོད་ལུགས་གསོ་རིག་སྦྱངས་ནས་པེ་ཅིང་གི་རིགས་གཅིག་མཁས་ཅན་དང་འདྲ་བར་ས་མཐོའི་ནད་གཞི་དང་ཡུལ་ནད་སེལ་རྒྱུ་ཡིན།”ཡུལ་ཤུལ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་དོན་གྲུབ་ཚེ་བརྟན་གྱིས“ལོ་15ཡི་རིན་མེད་སློབ་གསོ”ལ་བརྟེན་ནས་འབྲི་སྟོད་རྫོང་འབྲི་སྐྱ་་གྲོང་ཚོ་ནས་ཕྱིར་བསྐྱོད་མོད།འོན་ཀྱང་ཕ་ཡུལ་ལོག་ནས་ལས་ཞུགས་བྱེད་མཁན་ན་གཞོན་མང་པོ་དང་འདྲ་བར་ཁོའི་སེམས་ནང་གི“མདུན་ལམ”དེ་ཕ་ཡུལ་དུ་གནས་ཡོད།

     ལོ་10ཡི་རིང་། ཡུལ་ཤུལ་ཁུལ་གྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་20བཏང་ནས་རིགས་ཁག་གི་སློབ་གསོའི་རྣམ་གྲངས་ལག་བསྟར་བྱས་པས།དམའ་འབྲིང་དང་མཐོ་འབྲིང་གི་སློབ་རིམ་འཕར་ཚད་32%ནས་98%བར་མཐོ་རུ་ཕྱིན་པ་དང་། སློབ་ལོ་སྔོན་གྱི་བུ་བཅོལ་ཁང་དུ་ཞུགས་ཚད་3.5%ནས་68%བར་མཐོ་རུ་ཕྱིན་པ།ལས་དབང་ལ་འགྱུར་ལྡོག་མཐར་ཕྱིན་གཏོང་བའི“ཡུལ་གཞན་དུ་འཛིན་གྲྭ་གཉེར་བ”དང“ཡུལ་གཞན་དུ་སློབ་གྲྭ་གཉེར་བའི”བྱེད་སྟངས་ལ་བརྟེན་ནས་སློབ་མ་དབུལ་པོ་སྟོང་ཕྲག་ཁ་ཤས་ལ་ཕན་པ་ཐོབ་ཡོད།

སྟོབས་ཤུགས་གཅིག་སྒྲིལ།སྙིང་སྟོབས་ཆེར་སྐྱེད། ཡང་བསྐྱར་མདུན་སྐྱོད།

     ཀྲི་པུའུ་ནི་བཙན་རྫོང་ཡིན་པ་དང་། ཏང་ཡོན་ནི་དར་ཆ་ཡིན།ལས་བྱེད་པ་ནི་ཚད་ཤིང་ཡིན། ས་ཡོམ་གྱི་རྗེས་སུ་རྒྱུན་གཏན་གྱི་འཚོ་བ་སླར་གསོ་བྱེད་པར་རས་གུར་སྡེ་ཁུལ་གྱི་གནས་སྐབས་ཏང་ཀྲི་པུའུ་25དང་ཏང་དར་1000ལྷག་ནི་མང་ཚོགས་ཀྱི“རྟེན་སར”གྱུར་བ་དང་། བསྐྱར་སྐྲུན་ཁྲོད་ས་ཆ་བསྡུ་ལེན་དང་བཤིག་སྤོ་བྱེད་པ་དང་།མང་ཚོགས་ཀྱི་འདོད་བློ་དང་སྣེ་མང་སྦྲེལ་མཐུད་བྱེད་པ་སོགས་གཞི་རིམ་ལས་བྱེད་པས་རྔུལ་ཆུར་བརྟེན་ནས་མང་ཚོགས་ཀྱི“སེམས་འདུད”གྲོལ། ཡུལ་ཤུལ་གྱི་བྱ་གཞག་ཁག་སྤུས་ཚད་མཐོ་བའི་གོང་དུ་འཕེལ་བའི་ཁྲོད།ཏང་ཡོན་ལས་བྱེད་པ་འཐབ་ས་དང་པོར་བསྐྱོད་དེ་མང་ཚོགས་ཀྱི“གདོང་ལེན་རུ་ཁག”ཡག་པོ་བྱས་ཡོད།

     དྲིན་ཚོར་ཡར་བརྩོན་བྱ་རྒྱུ་ནི་ཡུལ་ཤུལ་གྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་བསམ་པའི་རྟེན་གཞི་རེད།

    2017ལོར།གྲོང་ཚོའི“ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས”བཙུགས་པའི་ཉིན་དེར་དབང་ལྷས་རང་ཉིད་ཀྱིས་ཟླ་བ་གསུམ་ལྷག་རིང་བརྐོས་པའི་ཏང་རྟགས་འཁྱེར་ཡོང་།ཁོང་ནི་རྫ་སྟོད་རྫོང་བྱ་ཕུག་ཐང་གྲོང་རྡལ་ནག་ཚང་སྡེ་བའི་མ་ཎི་རྡོ་བཟོ་ཞིག་རེད། “ཡུལ་ཤུལ་ལ་འགྱུར་ལྡོག་ཆེན་པོ་དེ་འདྲ་བྱུང་བ་ནི་ཏང་གི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད།འདི་ནི་ངས་ཏང་ལ་བཅངས་པའི་སེམས་པ་ཡིན།”

    2019ལོའི་ལོ་འགོའི་ཡུལ་ཤུལ་གྱི་གངས་སྐྱོན་ཁྲོད།གནོད་འཚེ་ཅུང་ཆུང་བའི་ཁྲི་འདུ་རྫོང་སྡོམ་མདའ་གྲོང་རྡལ་འོ་མཚོ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་དཔལ་དགའ་ཡིས་ཏང་ཡོན་31བསྡུས་ནས་ཚོགས་འདུ་འཚོགས་ཏེ་གྲོང་ཚོ་དེ་གའི་རྩྭ་ར་མུའུ་ཁྲི་30གངས་ཀྱིས་ཀླུབས་པའི་ཉེ་འགྲམ་གྱི་གྲོང་ཚོ་གཉིས་ལ་གཡར་བ་རེད།

     ད་ལོའི་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་དམག་འཐབ་ནང་།ཡུལ་ཤུལ་ཁུལ་གྱིས“ཏང་ཡོན་འགྲོ་འོང་མང་ཙམ་བྱེད་པ་དང་མང་ཚོགས་ཕྱིར་སྐྱོད་ཉུང་ཙམ་བྱེད་རྒྱུ”མཐའ་འཁྱོངས་ཀྱིས་མཉམ་འགོག་མཉམ་སྡོམ་དང་མཉམ་འགོག་མཉམ་བཅོས་ཀྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་རིམས་འགོག་གི“ཏང་ཡོན་གྱི་བཙན་རྫོང”བཟོས་པ་རེད།

     ལོ་10ཡི་མཆོང་སྐྱོད་ཁྲོད། ཡུལ་ཤུལ་གྱིས་རིགས་སྒྱུར་འཕེལ་རྒྱས་བཏང་བ་དང་།མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས“ནམ་ཡང་ཏང་གི་རྗེས་སུ་འབྲངས་པ”དང“ནམ་ཡང་མེས་རྒྱལ་དང་མཉམ་དུ་སྡོད”ཅེས་པའི་བསམ་པའི་དད་སེམས་རྒྱུན་འཁྱོངས་བྱས་ཡོད།

     ལོ་10ཡི་འཕོ་འགྱུར་ཆེན་པོ་ནང་། འགྱུར་བ་མེད་པ་ནི“བརྩེ་སེམས་ཆེན་པོ་དང་། བློ་སེམས་བརྟན་པོ།དཀའ་ངལ་ལ་འགྲན་སློང་བྱེད་པ། དྲིན་ཚོར་ཡར་བརྩོན”གྱི་ཡུལ་ཤུལ་གྱི་ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་དེ་རེད།          དུས་རབས་གསར་པར་སྐྱོད་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག  ཡུལ་ཤུལ་གྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་མུ་མཐུད་འབད་འབུངས་ཡར་བརྩོན་གྱིས་ཕུགས་འདུན་དོན་གཉེར་བྱས་ཏེ་བརྗིད་ཆེའི་ལེའུ་རྒྱུན་ཆད་མེད་པར་རྩོམ་རྒྱུ་རེད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།