རང་རྒྱལ་གྱི་རིམས་འགོག་སྨན་ལ་ཚད་བརྒལ་གསར་པ་བྱུང་འདུག

རྩོམ་པ་པོ།   དུས་ཚོད།   2020-04-15   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

           ཚེས་14ཉིན། གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་ཚན་ཞིབ་འགག་སྒྲོལ་ཚོགས་ཆུང་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་རྒྱལ་གྱི་ཏོག་གསར་ནད་དུག་གསོད་པའི་རིམས་འགོག་སྨན་རིགས་གཉིས་ལ། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་དུས་ཐེངས་དང་པོ་དང་གཉིས་པ་ཟླ་སྒྲིལ་བཏང་ནས་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱེད་པའི་ཆོག་མཆན་ཐོབ་ཅིང་། འབྲེལ་ཡོད་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་དུས་གཅིག་ཏུ་སྤེལ་འགོ་ཚུགས་ཡོད། འདི་ནི་ནད་ཐོག་ཞིབ་འཇུག་གི་མཆན་བཀོད་ཡིག་ཆ་ཐོབ་པའི་ཏོག་གསར་ནད་དུག་གསོད་པའི་རིམས་འགོག་སྨན་ཁག་དང་པོ་ཡིན་པ་རེད།

         ཏོག་གསར་ནད་དུག་གསོད་པའི་རིམས་འགོག་སྨན་འདི་གཉིས་སོ་སོ་ནི་རྒྱལ་སྨན་ཚོགས་པའི་ཀྲུང་གོའི་སྐྱེ་དངོས་ཝུའུ་ཧན་སྐྱེ་དངོས་ཐོན་རྫས་ཞིབ་འཇུག་ཁང་དང་། པེ་ཅིང་ཁོ་ཞིན་ཀྲུང་ཝེ་སྐྱེ་དངོས་ལག་རྩལ་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་འབྲེལ་ཡོད་ཚན་རིག་ཞིབ་འཇུག་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་གསར་སྤེལ་བྱས་པ་ཡིན། 

         རིམས་འགོག་སྨན་དེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། རིམས་ནད་ཐོན་པ་ནས་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་ཚན་ཞིབ་འགག་སྒྲོལ་ཚོགས་ཆུང་གིས། རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ཆེད་དོན་ཚོགས་པ་བཙུགས་ནས། ནད་དུག་གསོད་པའི་སྨན་དང་། སྤྲི་དཀར་བསྐྱར་སྒྲིག་གི་སྨན། རྨེན་བུའི་ནད་དུག་ཐེག་བྱེད་རིམས་འགོག་སྨན། དུག་ཉུང་དུ་གཏོང་བའི་ཆམ་རིམས་ནད་དུག་ཐེག་བྱེད་རིམས་འགོག་སྨན། ཉིང་སྐྱུར་རིམས་འགོག་སྨན་བཅས་ལག་རྩལ་ལམ་ཐིག་ལྔ་ལ་གཞིགས་ནས། ཞིབ་འཇུག་གསར་སྤེལ་གྱི་ལས་འགན་12བཀོད་སྒྲིག་བྱས་པ་དང་། མིག་སྔར་ཚང་མ་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། 

       དེ་སྔོན། དམག་དོན་ཚན་རིག་ཁང་དམག་དོན་གསོ་རིག་ཞིབ་འཇུག་ཁང་གི་རྨེན་བུའི་ནད་དུག་ཐེག་བྱེད་རིམས་འགོག་སྨན་ལ་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱ་རྒྱུའི་ཆོག་མཆན་ཐོབ་ཡོད། 

       ད་ཐེངས་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་ནང་ཞུགས་པའི་ཆོག་མཆན་ཐོབ་པའི་དུག་གསོད་རིམས་འགོག་སྨན་ནི། ནད་གཞིའི་སྐྱེ་དངོས་ཕྲ་རབ་བསད་ཀྱང་དེའི་རིམས་འགོག་རང་བཞིན་སྔར་བཞིན་རྒྱུན་འཁྱོངས་བྱེད་པའི་རིམས་འགོག་སྨན་ཞིག་ཡིན་ཞིང་། དེར་ཐོན་སྐྱེད་བཟོ་རྩལ་བྱང་ཆུབ་པ་དང་། སྤུས་ཚད་ཀྱི་ཚད་གཞི་ཚོད་འཛིན་ཐུབ་པ། སྲུང་སྐྱོབ་བྱེད་ཁྱོན་ཆེ་བ་སོགས་ཀྱི་ལེགས་ཆ་ལྡན་ཡོད་པས། རྒྱ་ཁྱབ་ངང་སྨན་ཁབ་རྒྱག་ཆོག་པ་མ་ཟད། རྒྱལ་སྤྱིའི་ཐོག་སྤྱོད་པའི་ཚད་གཞི་ལ་བརྟེན་ནས་རིམས་འགོག་སྨན་གྱི་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་བརྡར་ཤ་གཅོད་ཆོག་གི་ཡོད་པ་རེད། 

      རང་རྒྱལ་གྱི་ནད་དུག་གསོད་པའི་རིམས་འགོག་སྨན་ལ་ཞིབ་འཇུག་གི་རྨང་གཞི་ཅུང་ལེགས་པོ་ཡོད་པ་དང་། མཆིན་ཚད་ཀ་པའི་གྲུང་གསོད་སྨན། ཆམ་རིམས་གསོད་པའི་རིམས་འགོག་སྨན། རྐང་ལག་ཁ་འཇོམས་རིམས་འགོད་སྨན། རྒྱུངས་སྐྱའི་ཚ་ནད་གསོད་པའི་རིམས་འགོག་སྨན་སོགས་ལ་རྒྱ་ཁྱབ་ངང་སྤྱོད་བཞིན་ཡོད། 

       ཤེས་རྟོགས་བྱུང་བར་གཞིགས་ན། གོང་གསལ་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་ཆོག་འཐུས་ཐོབ་པའི་ཁེ་ལས་ལ། ནད་དུག་གསོད་པའི་རིམས་འགོག་སྨན་གཞི་ཁྱོན་ཆེན་པོའི་ངང་ཐོན་སྐྱེད་བྱེད་པའི་ནུས་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས། ཛ་དྲག་ངང་སྤྱོད་རྒྱུར་གྲ་སྒྲིག་ཡག་པོ་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།