ང་དང་གཡག་གི་གཏམ་རྒྱུད།

རྩོམ་པ་པོ།   མགོན་སྐྱབས་རྒྱལ། དུས་ཚོད།   2020-04-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        ང་རང་ལོ་བཅུ་གཉིས་ལ་སོན་པའི་ལོ་དེའི་ཉིན་ཞིག་ལ། ཨ་མས་ང་རང་སྔ་མོ་ནས་མལ་ལས་ལོངས་ཞེས་བོས་བྱུང་། ངས་གཉིད་མ་སད་ཀྱི་ངང་ནས་ཨ་མ་ལ“ད་དུང་ཅུང་ཙམ་གཉིད་དུ་ཆུགས”ཞེས་སླར་ཡང་མལ་སའི་ནང་དུ་ཉལ་བ་ན།ཨ་མས་ང་ལ།“གཉིད་ནས་གཉིད་ཚོད་མ་བཟུང་ན།གཏི་མུག་གཉིད་ལ་དྭངས་མཐའ་མེད།”ཅེས་པའི་ཁ་དཔེ་ཡོད་པས་མྱུར་དུ་ཡར་ལོངས་ཟེར་ཞོར་སྒོ་ཕྱི་རུ་བུད་སོང་། དེ་ནས་ང་རང་འགྲེ་ལྡོག་ཅིག་བྱས་ཏེ་ཡར་ལངས་ནས་ཁ་ལག་གཙང་མ་ཞིག་བཀྲུས་རྗེས། ཨ་མས་ང་ལ་གྲ་སྒྲིག་བྱས་པའི་ནངས་ཇ་སྟེ། རྩམ་པ་དང་གོ་རེ་དམར་པོ། འོ་ཇ་མངར་མོ་བཅས་འཐུང་གྲབས་བྱེད་སྐབས། ཨ་མས་སྨེ་ངག་ཞིག་འདོན་བཞིན་ཁྱིམ་དུ་ཡོང་ནས་ང་ལ“མདང་དགོང་འུ་ཚང་གི་ཡ་རུ་རོག་རོག་དེ་གཡག་རྒན་ཅིག་གིས་རྡུང་ནས་གཤགས་ཡོད་པས།ཁྱོད་ཀྱིས་ནངས་ཇ་འཐུང་ཚར་རྗེས་འཐེན་སྒམ་ནང་དུ་ཡོད་པའི་རྨ་ཁ་སོས་བྱེད་ཀྱི་སྨན་ཏེ་ཁྱེར་ཤོག”ཅེས་བཤད། དེ་ནས་ངས་ནངས་ཇ་འཐུང་ཚར་རྗེས་འཐེན་སྒམ་ལས་རྨ་ཁ་སོས་བྱེད་ཀྱི་སྨན་དེ་བཟུང་ནས་ནོར་ལྷས་སུ་སོང་། གཤགས་ཟིན་པའི་ཡ་རུ་དེ་ནོར་དཀྱིལ་ན་མཆུ་ས་ལ་བཞག་ནས་ཉལ་ཡོད་པ་མཐོང་བས། ངའི་སེམས་ནས་ཤིན་ཏུ་སྙིང་རྗེ་བོ་བྱུང་། སྐབས་དེར་ཨ་མ་ཐོན་ནས་ཡ་རུ་དེའི་རྨ་ཁར་སོས་སྨན་བྱུགས། དེ་ལྟར་ཨ་མས་རྟག་ཏུ་ཡ་རུའི་རྨ་ཁར་སྨན་བཅོས་བྱས་པར་མ་ཟད།འོ་མ་དང་རྩྭ་སོགས་བྱིན་ནས་འཚོ་སྐྱོང་གང་ལེགས་བྱས་མཐར་འཆི་བདག་ལས་ཐར།དེ་བས་ཡ་རུ་དེ་བདག་པོ་དང་མཉམ་འདུག་བྱས་པས།མི་དང་ལོབས་ནས་ཧ་ཅང་གཡུང་མོ་ཞིག་ཏུ་གྱུར།

      ཉིན་ཞིག་ལ། ང་རང་ནོར་རྫིར་འགྲོ་བའི་སྐབས་དེར།སྡེ་བའི་ནང་གི་ང་དང་ན་ཚོད་གཅིག་ཡིན་པའི་གྲོགས་པོ་ཚེ་རིང་གིས་གཡག་རྒན་ཞིག་བཞོན་ནས་ནོར་ལ་རྩྭ་ཁ་བྱེད་པ་མཐོང་ནས།རང་ཉིད་ལ་ཡང་ཞོན་ཆོག་པའི་གཡག་ཅིག་ཡོད་ན་ཅི་མ་རུང་སྙམ། ཕྱི་དྲོ་ཕྱི་ཡུལ་ལ་ལོག་ནས་ཕ་མ་གཉིས་ལ་གནས་ཚུལ་དེ་བཤད་པ་ན།ཨ་མས་ང་ལ“ཡ་རུ་རོག་རོག་ནི་ཧ་ཅང་གཡུང་བས་ཕལ་ཆེར་ཞོན་ན་ཆོག་རྒྱུ་རེད།”ཅེས་བཤད།ཨ་མའི་སྐད་ཆ་དེས་ང་རང་དགའ་ནས་མཚན་གང་བོར་གཉིད་མ་ཁུག ཕྱི་ཉིན་ནམ་ལངས་མ་ཐག་ང་རང་མལ་ལས་ལངས་ཏེ་ཁ་ལག་ཡང་མ་བཀྲུས་པར་ཡ་རུ་རོག་རོག་ལ་ཞོན་ཆོག་མིན་ལྟ་རུ་སོང་།ང་རང་ཡ་རུ་རོག་རོག་གི་གམ་དུ་སོང་ནས་ཐེ་ཚོམ་ཅི་ཡང་མེད་པར་ཞོན་མ་ཐག་ཡ་རུ་དངངས་འཚུབ་སྐྱེས་ནས་ཤེད་ཀྱིས་སྒུག་པ་ན།ང་རང་ཐང་ལ་ལྷུང་ནས་ལག་པའི་ནང་དུ་ཚེར་མ་ཟུག་པ་དང་ལྷན་དུ་མཛུབ་མོ་ལའང་རྨས་སྐྱོན་ཅུང་ཙམ་བྱུང་། ཚུལ་དེ་འབྲི་མོ་བཞོ་བཞིན་པའི་ཨ་མས་མཐོང་བས། བྲེལ་འཚུབ་ཀྱི་ངང་འབྲི་མོ་བཞོ་མཚམས་བཞག་སྟེ་བཞོ་ཟེའུ་ས་ལ་བཞག་ནས་ཚུར་རྒྱུགས་ཡོང་།ཨ་ཅེ་ཡང་ལྕི་བ་འཐུ་མཚམས་བཞག་ནས་ངའི་རྩུབ་ཏུ་ཐོན་འདུག ཨ་མ་གམ་དུ་ཡོང་ནས་ང་ལ“གཅེས་ཕྲུག ཁྱོད་ལ་སྐྱོན་ཨེ་ཡོད་ཀི”ཞེས་བཤད། ངས་ལན་དུ“སྐྱོན་མི་འདུག”ཅེས་བཤད། དེ་ནས་ཨ་མས་ཡ་རུ་རོག་རོག་གི་རྔོག་མ་ལ་བྱིལ་བྱིལ་བྱེད་བཞིན་ཐག་པ་ཅིག་གིས་ཡ་རུ་རོག་རོག་ལ་ལག་སྡེ་བརྒྱབ། དེ་ནས་ཨ་ཅེ་ཡོང་ནས་ང་ལ“ཁྱོད་ཀྱི་སེམས་ཆུང་བྱས་ན་མི་ཆོག་གམ།ཐང་ལ་འགྱེལ་ནས་རྨས་སྐྱོན་ཚབས་ཆེན་བྱུང་ན་ཅི་བྱེད།”ཅེས་ང་ལ་གཤེ་གཤེ་བཏང་། ངའི་ཨ་ཅེ་ལ“རྗེས་ཕྱོགས་དེ་འདྲ་མི་བྱེད”ཅེས་ཁས་བླངས། ཨ་མས་ང་ལ“ད་ཞོན་ན་ཆོག ངས་ཡ་རུ་ལ་ལག་སྡེ་བརྒྱབ་ཡོད”དེ་ནས་ངས་དལ་མོར་ཡ་རུའི་ཐོག་ཏུ་ཞོན་པ་ན།ཡ་རུ་རོག་རོག་དེ་ཐེངས་འགར་ཤུགས་ཀྱིས་ཡར་ལྡིང་ནའང་།ང་ཡ་རུའི་རྔོག་མ་ལ་དམ་པོར་འཐམས་ཡོད་པའི་དབང་གིས་ཡང་བསྐྱར་ཐང་ལ་མ་ལྷུང་།དེ་ལྟར་ཡ་རུ་དེ་གནམ་ལྡིང་ས་ལྡིང་བྱས་མཐར་ལུས་ཟུངས་ཟད་ནས་རང་འགུལ་གྱིས་ང་རང་ཞོན་དུ་བཅུག་གོ།དེ་ནས་བཟུང་ང་ལ་ཡང་ཞོན་པ་ཞིག་ཡོད་པར་གྱུར།

       ད་ལྟ། ངས་ཞོན་པ་རོག་རོག་དེ་ཡང་ནར་སོན་ནས།གཡག་རོག་རོག་རྭ་ཅོ་མདུང་ལྟར་རྣོ་བ་ཞིག་ཏུ་གྱུར་ཡོད། ལུས་བོངས་ཆེ་ཞིང་སུག་བཞི་སྦོམ་པ་དང་།ལྟོ་བའི་ཐོག་གི་རྩིད་པ་ནི་ཐུར་དུ་དཔྱངས་ཤིང་།ནམ་རྒྱུན་གད་པའི་ནང་ནས་ས་རྭ་བྱེད། སྐབས་འགར་གཡག་གཞན་པ་མཐོང་ཚེ། ལྕེ་བསྣར་བ་དང་རྔ་མ་གྱེན་དུ་སྒྲེང་བཞིན“ཧར”རྒྱག་པ་རེད། གལ་ཏེ་རང་ཉིད་དང་ན་ཟླའམ།རང་ཉིད་ལས་ཆུང་བ་ཡིན་ཚེ་གམ་དུ་སོང་ནས་ཐུག་འགྱེལ་བྱེད་རྩིས་ཀྱང་བྱེད།གཡག་རྒན་རོག་རོག་ལ་སྟོབས་ཤུགས་རྒྱས་ཡོད་ནའང་།ད་དུང་ང་རང་སྔར་བཞིན་ཞོན་དུ་འཇོག་པར་མ་ཟད།བཀོལ་སྤྱོད་ཀྱི་རིན་ཐང་ཡང་དེ་བས་ཀྱང་ཇེ་ཆེར་སོང་ཡོད།དཔེར་ན།རུ་སྤོར་དུས་དངོས་པོ་ལྗིད་མོ་སོགས་ཁལ་བཀལ་བ།ནོར་ལ་རྩྭ་ཁ་བྱེད་དུས་དང་།ས་ཐག་རིང་བོར་ཆུ་ལྡུད་དུ་འགྲོ་དུས་ཀྱང་བཞོན་དགོས་པས་རིན་ཐང་གཞལ་དུ་མེད།དེ་བས་གཡག་རྒན་དེ་ནི་ངེད་ཚང་གི་དྲིན་ཆེན་ཡིན་ཞེས་བཤད་ཆོག་ཆོག་ཡིན།དེའི་ཕྱིར་ང་རང་ངེད་ཚང་གི་ནོར་ཀུན་ལས་གཡག་རྒན་རོག་རོག་ལ་ཧ་ཅང་འདང་རྩིས་ཟབ་མོ་ཡོད།

      ཉིན་ཞིག་ལ།ང་རང་སློབ་གྲྭ་གྲོལ་ནས་ཡུལ་ལ་ལོག་པ་ན། ཨ་ཕས་ང་ལ“འུ་ཚང་གི་གཡག་རྒན་གྱིས་ཨ་ཁུ་བཀྲ་ཤིས་ཚང་གི་སུམ་ཡར་ཅིག་གཤགས་པས།གཡག་རྒན་རོག་རོག་བཙོང་རྒྱུ་ཡིན”ཞེས་བཤད་པ་ན།ངའི་སེམས་པ་ཤིན་ཏུ་སྐྱོ།གལ་ཏེ་མི་གཞན་ལ་བཙོང་ན།འཆི་བ་ལས་མེད་པས།སེམས་ཐག་ཆོད་པའི་ངང་ནས་ཨ་ཕ་ལ“ཨ་ཕ།་ཨ།གཡག་རྒན་བཙོང་མི་རུང་།”ཞེས་ངུ་ཞོར་དུ་ཞུ་བ་ཞུས་པ་དང་།བཙོང་བཏང་ན་ང་ལ་ཞོན་པ་མེད་པར་གྱུར་བ་སོགས་ཁ་ལྕེ་སྐམ་རག་ཏུ་བཤད་པས།ཨ་ཕས་ཀྱང་མི་བཙོང་རྒྱུར་ཁས་བླངས།

རྗེས་ཕྱོགས།ངས་གཡག་རྒན་རོག་རོག་དེ་མིག་དཔེར་བཟུང་སྟེ།ཁོའི་སྙིང་སྟོབས་དང་བདག་ལས་གཞན་གཅེས་ཀྱི་ཀུན་སྤྱོད་བཟང་བོ་ལ་སློབ་སྦྱོང་བྱས་པ་ཡིན།སྒོ་ཟོག་ཅིག་གིས་ཀྱང་རང་གི་བདག་པོ་ལ་ཞབས་འདེགས་ཞུ་ཐུབ་ན།ང་ཚོ་མི་ཞིག་ཡིན་ཕྱིན་མི་རིགས་དང་མེས་རྒྱལ། ཕ་ས་ཕ་ཡུལ་གྱི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་མ་ཐུབ་པ་ནི།རང་ཉིད་ཀྱི་ངོ་ཚ་ཆེན་པོ་ཡིན་པའི་ངེས་ཤེས་རྙེད་ལ་དེ་ནི་ངའི་སློབ་སྦྱོང་གི་སྒུལ་ཤུགས་སུ་གྱུར་ཏོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།