བོད་སྡེར་བཅའ་ཁྲིམས་ཀྱི་དབྱངས་རྟ་སྙན་མོ་གྱེར་མཁན།

འཛམ་ཐང་རྫོང་ཁྲིམས་འཛིན་ཅུས་རྐ་མདའ་ཁྲིམས་འཛིན་སུའོ་ཡི་སུའོ་ཀྲང་འཇམ་དཔལ་སྐྱིད་ཀྱི་གནས་ཚུལ་བཀོད་པ།

རྩོམ་པ་པོ།   རྡོ་རྗེ་དཔལ།དུས་ཚོད།   2020-03-30   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ལྕི་རློན་དང་ས་འདམ་གྱིས་ཁེངས་པའི་ནོར་གནག་གི་ལྷས་འདབས་དང་། གྲོ་ནས་སྲན་གསུམ་གྱི་ལོ་ལེགས་ཀྱི་མགོ་ལྕོག་དུད་པའི་ཞིང་ཁ། ཀ་ཁའི་སྦྱོར་ཀློག་གི་དབྱངས་རྟ་སང་སང་དུ་གྲགས་པའི་སློབ་ར། མི་ཚོགས་ཀྱི་འདུ་ལོང་ཆེ་བའི་མགྲོན་བསུ་ཁང་། ཡུལ་སྡེ་རེ་རེའི་ལམ་ཕྲན་འགྲམ་གྱི་ཟ་ཁང་ཆུང་ཆུང་སོགས་ཡུལ་དུས་ལ་ངེས་པ་མེད་པར་བཅའ་ཁྲིམས་དྲིལ་སྒྲོག་གི་བོད་སྐད་སྙན་མོ་ཞིག་ཆུ་བོའི་རྒྱུན་བཞིན་ཆད་པ་མེད་ལ། བོད་པའི་བུ་མོ་ཞིག་གི་བྲེལ་སྟབས་ཀྱི་འདུར་རྒྱུག་དེ་ཡང་དགོན་སྡེ་ཡི་གྲྭ་བཙུན་དང་རོང་འབྲོག་གི་མི་སེར། སློབ་གླིང་གི་དགེ་སློབ་སོགས་ཀྱི་མིག་ལམ་ནས་ནམ་ཡང་ཡལ་མ་མྱོང་། འོ། བོད་པའི་བུ་མོ་དེ་ནི་ཀུན་གྱིས་ཁྲིམས་མཁྱེན་བུ་མོ་ཞེས་འབོད་པའི་འཇམ་དཔལ་སྐྱིད་རེད།

         གནས་གང་ལ་རོང་འབྲོག་མི་སེར་ལྷན་དུ་འཛོམས་ན། འཇམ་དཔལ་སྐྱིད་འཕྲལ་མར་གནས་དེར་ཐོན་ནས། སྙིང་ཉེ་བའི་སྤུན་ཟླ་ཚོ། ངས་ཁྱེད་ཅག་ལ་སྐད་ཆ་ཅུང་ཙམ་བཤད་འདོད་ཅེས་བཅའ་ཁྲིམས་ཀྱི་ཤེས་བྱ་འཆད་པའི་ལས་ལ་ཞུགས་འགྲོ།

        འཇམ་དཔལ་སྐྱིད་ཀྱིས་རང་ཁུལ་གྱི་མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་ཐང་སྐོར་ཁྲིམས་འཛིན་ཁང་གི་དཔོན་པོའི་འགན་ཁུར་མྱངས་ཤིང་། ད་ལྟ་འཛམ་ཐང་རྫོང་ཁྲིམས་འཛིན་ཅུས་རྐ་མདའ་ཁྲིམས་འཛིན་ཁང་གི་དཔོན་པོའི་འགན་ཁུར་བཞིན་ཡོད། མོ་ནི་རྔ་བ་ཁུལ་ཁྲིམས་འཛིན་སྲིད་སྐྱོང་མ་ལག་གི་ཕུལ་བྱུང་ལས་དོན་འཇོན་ཐང་ཅན་བཅུ་ཡི་གྲས་གཅིག་དང་སི་ཁྲོན་ཞིང་ཆེན་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་སྔོན་ཐོན་ལས་སྒྲུབ་པ། སི་ཁྲོན་ཞིང་ཆེན་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་སྔོན་ཐོན་མི་སྣ་བཅས་ཡིན་ལ། 2019ལོའི་ཟླ་11པར། མོ་ནི་རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་སྔོན་ཐོན་མི་སྣར་བདམས་ཡོད།

དམངས་ལ་ཁྲིམས་ལུགས་སྒྲོག།

སྙིང་སྟོབས་འགྲན་ཟླ་བྲལ།།

         མོས་རྨ་ཁུགས་དང་བོར་གྲགས་པའི་མཛོད་དགེའི་ཐང་སྐོར་ནས་ཇོ་ནང་རིག་གནས་ཀྱི་ཕ་སར་གྲགས་པའི་འཛམ་ཐང་དུ་ལས་གནས་སྤར་ཡང་། དམངས་ལ་ཕན་གདགས་པའི་ཐོག་མའི་བསམ་འདུན་ལ་འགྱུར་བ་སྤུ་ཙམ་མེད་པར། ལོ་ངོ་བཅུ་ཕྲག་ལྷག་རིང་ལ་གཞི་རིམ་གྱི་ལ་ལུང་ཐང་གསུམ་དུ་རྐང་རྗེས་རིས་མེད་དུ་བཀོད་དེ། བཅའ་ཁྲིམས་ཀུན་ལ་བསྒྲགས་ཤིང་མི་དམངས་ཀྱི་འགལ་བ་བསྡུམས་པ། བཅའ་ཁྲིམས་ཀྱི་ཞབས་ཞུ་ལེགས་པར་བསྒྲུབས་པ་རེད། སྒོས་སུ་བུད་མེད་དང་བྱིས་པའི་ཁེ་དབང་ལ་གནོད་པའི་དོན་དག་གང་རུང་ལ་འཕྲད་ན། མོས་དཔའ་ངར་གྱི་ལག་ཟུང་རིང་དུ་བསྲིངས་ཏེ་གཉའ་ནས་འཐེན་ཞིང་རྒྱབ་ནས་བསྐྱོར་ཡོད།

        འབྲོག་མོ་ཆེ་གེ་མོའི་ཁྱོ་ག་རྒྱུ་མཚན་ཅི་ཡང་མེད་པར་ཁྱིམ་ལས་གྱེས་ནས་ལོ་ངོ་མང་བོ་འགོར་ཡོད་ལ། འཐོར་འདོད་ཀྱང་ཁྱོ་ག་མི་རྙེད་པས་འཚོ་བ་གསར་བ་རོལ་ཐབས་བྲལ། འཇམ་དཔལ་སྐྱིད་ཀྱིས་འབྲོག་མོ་དེ་ལ་སེམས་གསོ་དང་ཁྱོ་ག་འཚོལ་རོགས་བྱས་ཤིང་། བདེན་དཔང་མང་དུ་བསྡུས་ཏེ་གཉེན་འཐོར་གྱི་ལས་རིམ་བསྒྲུབས་པར་མ་ཟད། གཉེན་སྒྲིག་གི་འབྲེལ་བ་མ་ཆད་གོང་། སླར་ཡང་གཉེན་བསྒྲིག་མི་ཆོག གལ་ཏེ་གཉེན་བསྒྲིགས་ན་གཉེན་བསྐྱར་སྒྲིག་གི་ཁྲིམས་དང་འགལ་བ་རེད་ཅེས་ཁྲིམས་ལུགས་ཀྱི་ཤེས་བྱའང་འཆད་པ་རེད།

       བུད་མེད་ཆེ་གེ་མོ་ལ་བཟའ་ཟླས་བཙན་རྡུང་མང་དུ་བྱས་ཡོད། འཇམ་དཔལ་སྐྱིད་ཀྱིས་མོའི་གནས་ཚུལ་ཞིབ་མོར་རྒྱུས་བླངས་པར་མ་ཟད། སྨན་ཁང་དུ་ཁྲིད་ནས་ལུས་ལ་བརྟག་ཅིང་བདེན་དཔང་མང་དུ་བསྡུས། རྫོང་ཁྲིམས་འཛིན་ཅུས་དང་ཁྲེང་ཏུའུ་སྤྱི་ཕན་ཁྲིམས་རྩོད་པའི་ཚོགས་པས་མཉམ་དུ་བཙུགས་པའི་རྒྱང་འཛིན་བཅའ་ཁྲིམས་ཞབས་ཞུ་ཞེས་པའི་རྣམ་གྲངས་ལ་བརྟེན་ནས། བུད་མེད་རྣམས་ལ་གོ་ཆོད་ཅིང་ལྷག་བསམ་རྣམ་དག་གི་བཅའ་ཁྲིམས་གྲོས་གཞི་བཏོན་དང་འདོན་བཞིན་མཆིས།

      གློག་ཀླད་ཀྱི་འདི་ཕྱོགས་སུ། མོ་ནི་བོད་རིགས་རོང་འབྲོག་བུད་མེད་རྣམས་ཀྱི་སྙིང་ཉེ་བའི་སྐད་སྒྱུར་བ་ཡིན་ལ། དེ་དག་གིས་བཤད་མི་ཤེས་པའི་གཏམ་དང་བརྗོད་དཀའ་བའི་སྡུག་བསྔལ་དག་རེ་རེ་བཞིན་གློག་ཀླད་ཀྱི་ཕར་ཕྱོགས་སུ་ལྷུག་པོར་བཤད་བཞིན་ཡོད། སྐབས་རེར་དོན་ཆུང་ཞིག་ཡིན་ཡང་བློ་འདྲི་བར་དུས་ཚོད་གཉིས་གསུམ་རེ་འགོར་འགྲོ། དེ་ལྟར་ཕྱི་ཕྱོགས་སུ་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བྱས་ཤིང་། ནང་ཁུལ་དུ་བྱང་ཚད་ཇེ་མཐོར་བཏང་། དེ་ནི་འཇམ་དཔལ་སྐྱིད་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་ཕྱར་བ་གྲུ་འདེགས་ཀྱི་ལས་སྒྲུབ་ཐབས་ཤེས་ཁྱད་དུ་འཕགས་པ་ཞིག་རེད།

ཕྱི་ནས་ཁེ་དབང་སྲུང་།།

ནང་ནས་བྱང་ཚད་སྦྱོང་།།

        མོས་བུད་མེད་རྣམས་ནི་རང་གི་གཉེན་ཉེ་ལྟ་བུར་བརྩིས་ནས་ཁོ་མོ་ཚོའི་ཁེ་དབང་སྲུང་སྐྱོང་དང་སྦྲགས་ནས། བཅའ་ཁྲིམས་བྱང་ཚད་དང་གཤིས་སྤྱོད། ཁྱིམ་སྲོལ་སློབ་གསོ། སེམས་གསོ་སོགས་གང་ཅིའི་ཐད་ནས་རང་དཔེ་གཞན་སྟོན་སྒོས་རོགས་སྐྱོར་བྱས་ཏེ་བུད་མེད་རྣམས་ཀྱི་བྱང་ཚད་དང་ཤེས་རྒྱ་ཇེ་ཆེར་བཏང་།

      མོས་སྒྲོག་འགྲེལ་བྱེད་ཐེངས་རེར། བུད་མེད་རྣམས་ཀྱིས་མིག་ཟུང་ཧྲིག་གེར་བགྲད་ནས་མགོ་མཇུག་བར་གསུམ་དུ་ནན་ཏན་གྱིས་ཉན་སྲིད། འཇམ་དཔལ་སྐྱིད་ཀྱིས་ང་ཚོ་བོད་ཀྱི་སྲོལ་རྒྱུན་ལྟར་ན། བོད་ཚིག་ཐོག རྒྱ་ཡིག་ཐོག་ཅེས་པ་ལྟར་ཁ་བཤད་བདེན་དཔང་དུ་འཛིན་པར་དགའ། ཡིན་ནའང་། བཅའ་ཁྲིམས་ལས་ཤོག་དཀར་ངོས་ཀྱི་ཡི་གེ་ནག་པོ་བདེན་དཔང་ཁོ་ནར་འཛིན་པས། ཀུན་གྱིས་དོན་དག་ཅི་ཞིག་ལ་གྲོས་བྱས་ན་ཡི་གེར་ཕབ་པར་དོ་སྣང་བྱེད་དགོས་ཤིང་། གན་རྒྱ་དང་གཡར་ཡིག་སོགས་ཞིབ་མོར་བྲིས་རྗེས་མཛུབ་ཐེལ་རྒྱག་དགོས་ཚུལ་ཡང་ནས་ཡང་དུ་བཤད་པ་ཡིན་ཞེས་བཤད་བྱུང་།

        འཇམ་དཔལ་སྐྱིད་ཀྱིས་གྲོགས་མོ་རྣམས་ལ་ཁྱིམ་ནས་བརྙས་བཅོས་ཐེབས་མི་རུང་། ཡིན་ནའང་རྒྱལ་མོ་ལྟར་ཁྱིམ་ནས་གང་བདེ་གང་སྐྱིད་དུ་རང་འདུག་བྱ་མི་རུང་བར། ལས་ལ་བརྩོན་ཞིང་ཁྱིམ་གཞིས་སྐྱོང་བར་དགའ་བ། རྒན་བཀུར་ཉེ་བརྩེ་ནི་སྤྱོད་ལམ་བཟང་བོ་ཞིག་ཡིན་པས། ང་ཚོས་རང་ཉིད་ཀྱི་ཕྲག་ལ་བབས་པའི་བྱ་བ་ངེས་པར་དུ་ལེགས་པར་བསྒྲུབ་དགོས་ཤིང་། མཐར་ཐུག་གི་དམིགས་ཡུལ་ནི་བཟའ་ཚང་མཐུན་ལ་འཚོ་བར་བདེ་སྐྱིད་ལྡན་པ་དེ་ཡིན་ཞེས་བཤད་བྱུང་།

      འཇམ་དཔལ་སྐྱིད་ནི་སྤྱི་ཚོགས་ལ་རང་མོས་སུ་ཞབས་ཞུ་བསྒྲུབ་པར་ཤིན་ཏུ་དགའ། མོ་ནི་མཛོད་དགེ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩྭ་ཐང་གི་ཨ་མ་གཅེས་པར་སྐྱོང་བའི་སྐལ་བཟང་མེ་ཏོག་གི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། འཛམ་ཐང་རྫོང་བུད་མེད་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཡིན་པས། མོས་ཡུལ་སྡེ་རེ་རེ་གཅིག་ཀྱང་མ་ལུས་པར་རྐང་རྗེས་བཀོད་དེ་སྒྲོག་འགྲེལ་བྱས་དང་བྱེད་བཞིན་ཡོད། མོ་ནི་བོད་རྒྱ་སྐད་གཉིས་ལ་བྱང་ཆ་ལྡན་པས། སྔ་གཞུག་ཏུ་ཀྲུང་གུང་མཛོད་དགེ་རྫོང་ཨུའི་གཤམ་སྤེལ་གསུམ་དང་གཤམ་སྤེལ་དྲུག་གི་སྐད་གཉིས་སྒྲོག་འགྲེལ་པ་དང་ཀྲུང་གུང་རྔ་བ་ཁུལ་ཨུའི་གངས་རི་དང་རྩྭ་ཐང་གི་མང་ཚོགས་སྒྲོག་འགྲེལ་ཚོགས་པའི་ཁོངས་མིར་བདམས་ཡོད་པས། མོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཞིང་ཆེན་དང་ཁུལ་གྱི་ཚང་འཛོམས་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བཅས་ལེགས་པར་སྒྲོག་འགྲེལ་བྱས་བ་དང་སྦྲགས། མོས་དུས་ཚོད་སྐར་མ་15ནས་དུས་ཚོད་ཕྱེད་ཙམ་གྱི་རིང་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱིམ་སྲོལ་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་འབྲེལ་ནས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་བཅའ་ཁྲིམས་ཀྱང་སྒྲོག་འགྲེལ་བྱེད་བཞིན་ཡོད།

       གྲོགས་མོ་ཚོ། གལ་ཏེ་ང་ཚོ་ཁྱིམ་གྱི་བཙན་རྡུང་ལ་འཕྲད་ན་ཅི་ལྟར་བྱ་དགོས་སམ་ཞེས་དྲིས་ཙ་ན། བུད་མེད་ཅིག་གིས་རྡུང་རེས་བྱེད་དགོས་ཞེས་སྐད་གསེང་མཐོན་པོས་ལན་བཏབ། དེ་འདྲ་གཏན་ནས་མི་ཉན། གལ་ཏེ་རྡུང་རེས་བྱས་ན་ཁྲིམས་དང་འགལ་བ་རེད་ཅེས་འཇམ་དཔལ་སྐྱིད་ཀྱིས་ལན་བཏབ།

        མོ་ཡུལ་སྡེ་གང་དུ་སོང་ཡང་།《ཁྱིམ་ཚང་གི་བཙན་རྡུང་ལ་དགག་བའི་བཅའ་ཁྲིམས》ནི་རྒྱུན་པར་བཤད་པའི་ནང་དོན་གཙོ་བོ་ཞིག་ཡིན། ཁྱིམ་ཚང་གི་བཙན་རྡུང་ལ་རིགས་གང་དག་ཡོད་པ་དང་། ཁྱིམ་ཚང་གི་བཙན་རྡུང་ཇི་ལྟར་སྔོན་འགོག་བྱེད་པ། གལ་ཏེ་ཁྱིམ་ཚང་གི་བཙན་རྡུང་ལ་འཕྲད་ན་ཇི་ལྟར་ཁེ་དབང་སྲུང་སྐྱོང་བྱེད་པ་སོགས་རེ་རེ་བཞིན་མོའི་སྤུན་ཟླ་རྣམས་ལ་ཞིབ་མོར་འཆད་བཞིན་ཡོད།

      ལོ་འདི་དག་རིང་། འཇམ་དཔལ་སྐྱིད་ཀྱིས་ཁྲིམས་འཛིན་ཁང་གི་རང་བབས་ལས་རྐང་དང་རྔ་བ་ཁུལ་བུད་མེད་མཉམ་འབྲེལ་གྱི་བདེ་སྐྱིད་ཀྱི་ཕོ་ཉ། ཡུམ་ཆེན་གྱི་སློབ་ཐུན་ཞེས་པ། དེ་མིན་སྒྲོག་འགྲེལ་སྟེགས་བུ་སྣ་ཚོགས་བཅས་བརྒྱུད་ནས། སྒྲོག་འགྲེལ་ཐེངས་300ལྷག་བྱས་ཏེ། 《རྩ་ཁྲིམས》དང《གཉེན་སྒྲིག་གི་བཅའ་ཁྲིམས། 》《བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་གི་བཅའ་ཁྲིམས།》《ནར་མ་སོན་པའི་སྲུང་སྐྱོང་གི་བཅའ་ཁྲིམས།》《ཁྱིམ་ཚང་གི་བཙན་རྡུང་ལ་དགག་པའི་བཅའ་ཁྲིམས》སོགས་རོང་འབྲོག་མི་སེར་རྣམས་ལ་ཉན་ན་གོ་སླ་ཞིང་བློ་ལ་ངེས་སླ་བར་ཁྲིད་ནས། འཆམ་མཐུན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་བསྐྲུན་པར་ཕན་ནུས་བཟང་བོ་ཐོན་ཡོད་ལ། རྒྱལ་ཁབ་ཀྱི་བརྟན་བརླིང་དང་འཆམ་མཐུན་ལ་སྐུལ་འདེད་བཏང་ཡོད།

བྱམས་དང་སྙིང་རྗེ་ལྡན།།

ལས་འགན་ཕྲག་ཏུ་ལེན།

         མོས་མཛོད་དགེ་རྫོང་རྐྱང་ཚ་ཡུལ་ཚོ་ནས་ལས་ཀ་སྒྲུབ་སྐབས། འཇམ་དཔལ་སྐྱིད་ཀྱིས《རྩ་ཁྲིམས》དང《མི་དམངས་ཀྱི་འདུམ་འགྲིག་བཅའ་ཁྲིམས》བདེན་དཔང་དུ་བཟུང་སྟེ། གྲོང་སྡེའི་བུད་མེད་ཀྲུའུ་རེན་ནི་གྲོང་སྡེའི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་བཅུག་ནས། བུད་མེད་རང་ཉིད་ལ་དབང་བའི་གོ་གནས་བསྩལ་ཡོད།

        མོས་གཉེན་ཐོར་དང་གཉེན་མ་བསྒྲིག་གོང་བུ་བཙས་པ་སོགས་ཀྱི་བཅའ་ཁྲིམས་བློ་འདྲིའི་ཐད། སྙིང་སྟོབས་ཆེན་པོས་བཅའ་ཁྲིམས་རྒྱབ་རྟེན་དུ་བཟུང་སྟེ་ཉམས་ཞན་བུད་མེད་དང་བྱིས་པ་གཉའ་ནས་འཐེན་ཞིང་རྒྱབ་ནས་བསྐྱོར་ཡོད།

        མོས་ཁྲིམས་ཆད་ཁུར་བཞིན་པའི་ཁྲིམས་པ་དང་ཁྲིམས་ཆད་དུས་ཡུན་འདང་ནས་ཕྱི་རུ་ཐོན་པའི་མི་རྣམས་ལ་སློབ་གསོ་བཏང་སྟེ་བཟའ་ཟླ་དང་མ་བུ་སོགས་ལ་བདེ་སྐྱིད་ཀྱི་ཁྱིམ་གཞིས་སུ་ལྷན་འཛོམས་ཀྱི་གོ་སྐབས་སྤྲད། དེ་མིན་འཇམ་དཔལ་སྐྱིད་ཀྱིས་རང་གི་ཟླ་ཕོགས་རྩག་རྩིག་ལས་ཁེར་འདུག་ཨ་མ་དང་དབུལ་ཕོངས་ཨ་མར་སྦྱིན་པ་བཏང་ནས་རོགས་སྐྱོར་བྱས་པར་མ་ཟད། ཁྱེད་ཅག་གི་སྙིང་སྟོབས་ནི་བདག་ལ་སྐུལ་མ་འདེབས་པའི་སྟོབས་ཤུགས་ཤིག་ཡིན་ཞེས་སེམས་གསོ་དང་སྐུལ་སློང་བཏང་ནས། རླབས་ཆེན་ཨ་མ་ཞིག་གི་ལ་རྒྱ་སྲུང་ཞིང་ཡིད་ཆེས་ཇེ་དྲག་ཏུ་གཏོང་བཞིན་ཡོད་པར་མ་ཟད།ཕན་ཚུན་བར་གྱི་བརྩེ་བའང་ཇེ་ཟབ་ཏུ་སོང་ཡོད། མོས་བུད་མེད་ཁོ་ནར་ཞབས་འདེགས་ཞུས་པ་ཙམ་མིན་པར་རོང་འབྲོག་བྱིངས་ཀྱི་དགོས་མཁོ་བསྐངས་དང་སྐོང་བཞིན་མཆིས།

        འཇམ་དཔལ་སྐྱིད་ཀྱིས་རྩྭ་ས་འགན་ལེན་དང་དམངས་ཁྲོད་དངུལ་བུན་གཏོང་ལེན། གན་རྒྱ་འཇོག་པ་སོགས་རོང་འབྲོག་མང་ཚོགས་ལ་སེམས་ཁུར་ཆེ་བའི་བཅའ་ཁྲིམས་ཀྱི་གནད་དོན་ཐད་བཅའ་ཁྲིམས་བློ་འདྲིའི་འདོད་པ་ཇི་བཞིན་དུ་སྐོང་བཞིན་ཡོད།

        གཞི་རིམ་གྱི་ཁྲིམས་ལུགས་ཁྱབ་གདལ་བ་ཞིག་ཡིན་པའི་ཆ་ནས། འཇམ་དཔལ་སྐྱིད་ཀྱིས་བསམ་སྤྱོད་རྣམ་དག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དགོངས་འདུན་ཁ་བཤད་ཙམ་མིན་པར་ལག་ཏུ་བསྟར་བཞིན་ཡོད་ལ། རོང་འབྲོག་མང་ཚོགས་ལ་དགོས་འདོད་ཀྱི་འོད་སྣང་འཇམ་པོ་ཞིག་ལྷོད་ཀྱིས་བསྩལ་བ་དང་སྦྲགས། རང་ཉིད་ཀྱིས་ཀྱང་གཞན་ཕན་གྱི་འོད་ཟེར་ལས་ཐོབ་པའི་སྐྱིད་སྣང་ཅིག་ཀྱང་ལོངས་སུ་སྤྱོད་བཞིན་མཆིས།།