དྲྭ་ལམ་དུ་སྒོར་མོ་འདི་ལྟར་འཚོལ་བཞིན་འདུག

རྩོམ་པ་པོ།   དུས་ཚོད།   2020-03-26   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        བོད་གངས་རིའི་ལྗོངས་ཀྱི་འཚོ་བའི་ཁྲོད་དུ་ཐོ་པོ་དྲྭ་ཁང་དང་འཁྱུགས་དབྱངས་ཐད་གཏོང་། སྐད་འཕྲིན་ཉོ་ཚོང་། སྒེར་གྱི་སྨྱན་སྦྱོར་སྟེགས་བུ་སོགས་གང་ས་གང་དུ་མཐོང་ཐུབ་པ་དང་། མི་མང་པོ་ཞིག་འབྱོར་ཕྱུག་ལྡན་པའི་ལམ་དུ་སྐྱོད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

         ལྷག་པ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གི་ཁྱིམ་ཚང་དབུལ་པོ་ཞིག་ནས་ཡིན་པ་དང་།  ལྷག་པས་དྲྭ་ལམ་ལ་བརྟེན་ནས་སྐད་གྲགས་ཆེ་བའི་དྲྭ་མི་ཞིག་ཏུ་གྱུར་བ་ནས་སོ་སོའི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། ༢༠༡༨ལོའི་ལོ་མགོར་ཁོང་གཅིག་པུ་ལྷ་སར་ཡོང་ནས་འཛུགས་སྐྲུན་ལས་ཡུལ་ཞིག་ཏུ་གླ་པ་བྱས་ནས་བསྡད་པ་དང་། ཟླ་རེར་ཡོང་འབབ་སྒོར་༣༠༠༠ཡོད། ཁོ་ངལ་གསོའི་དུས་སུ་རྟག་ཏུ་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ཞབས་བྲོ་འཁྲབ་པར་འགྲོ་ཡི་ཡོད། དེ་ནས་ཁོས་ཞབས་བྲོ་འཁྲབ་པའི་བརྙན་ཐུང་མི་ཉུང་བ་ཞིག་སྐད་འཕྲིན་གྱི་གྲོགས་ཚོམས་སོགས་སུ་བརྒྱུད་བསྐུར་བྱེད་མཁན་ཤིན་ཏུ་མང་བ་བྱུང་། གཞན་གྱི་རོགས་རམ་འོག་ཁོས་ལག་ཐོགས་ཁ་པར་ནང་འཁྱུགས་དབྱིངས་ཕབ་འཇུག་བྱས་ནས་རྟག་ཏུ་འཚོ་བའི་ཁྲོད་ཀྱི་བརྙན་ཐུང་ཁག་གཅིག་བསྐུར་ཡང་། བསྔགས་བརྗོད་དང་བརྒྱུད་བསྐུར་བྱེད་པ་མང་ཤོས་ཁོས་ཞབས་བྲོ་འཁྲབ་པའི་བརྙན་ཐུང་ཡིན། ལོ་ཕྱེད་ནང་ལྷག་པའི་འཁྱུགས་དབྱིངས་ལ་དགའ་པོ་བྱེད་མཁན་མི་ཁྲི་༧༠ལས་བརྒལ་བ་དང་། བསྔགས་བརྗོད་བྱེད་མཁན་ཁྲི་༦༠༠ཙམ་ཟིན་པ་རེད།

         ཁོ་རང་ལ་དོ་ཁུར་བྱེད་མཁན་མང་པོ་བྱུང་བ་ནས། ཚོང་ལས་འཁྲབ་སྟོན་དང་ཚབ་བྱེད་གོ་སྐབས་མི་ཉུང་བ་ཞིག་དང་འཕྲད་ཅིང་། ལོ་ཕྱེད་ནང་བོད་ཀྱི་ས་ཆ་མང་པོར་བསྐྱོད་པར་མ་ཟད། ད་དུང་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་སུ་སྔ་རྗེས་སུ་བསྐྱོད་དེ་འཁྲབ་སྟོན་བྱེད་ཐེངས་རེར་ཆ་སྙོམ་སྒོར་ཁྲི་༡ཙམ་ཡོང་གི་ཡོད་པ་རེད།

         དྲྭ་རྒྱ་ཁྱབ་གདལ་ཕྱིན་པ་དང་བསྟུན་ནས་མི་རྣམས་ཀྱི་སྤྱི་ཚོགས་འབྲེལ་བ་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་ཡོད་ལ། གངས་ལྗོངས་ས་མཐོ་དང་འཛམ་གླིང་གི་བར་ཐག་ཀྱང་ཇེ་ཐུང་དུ་ཕྱིན་ཡོད་པ་རེད། མིག་སྔར་བོད་དུ་ཁ་པར་སྤྱོད་མཁན་ཁྲི་༣༩༣.༡ཟིན་པ་དང་། ཁྱབ་གདལ་གཏོང་ཚད་མི་བརྒྱ་རེར་ཁ་པར་༡༡༥རེ་ཟིན་འདུག གཏན་འཇགས་དྲྭ་ཆེན་སྤྱོད་མཁན་གྱི་ཁྱིམ་ཚང་ཁྲི་༩༡.༤ཟིན་པ་དང་། ཁྱིམ་ཚང་ལ་ཁྱབ་གདལ་གཏོང་ཚད་༨༤%ཟིན་འདུག  སྒུལ་སྐྱོད་འཕྲིན་སྦྲེལ་དྲ་བ་སྤྱོད་མཁན་ཁྲི་༢༦༧.༤ཟིན་འདུག གཞི་ཁྱོན་རགས་ཙམ་ཆགས་པའི་དྲྭ་རྒྱ་སྤྱོད་མཁན་གྱིས་ས་མཐོའི་དྲ་ཐོག་མིང་ཅན་གྱི་དཔལ་འབྱོར་རྣམ་པ་གསར་པ་རིམ་བཞིན་སྐྱེད་སྲིང་བྱས་ཡོད་པ་དང་། ལྷག་པ་ལྟ་བུའི་དྲྭ་ཐོག་མིང་ཅན་ཁག་ཅིག་ཐོན་ཡོད་པ་རེད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།