ཧུང་ཡོན་གྱིས་སློབ་གྲྭའི་རིམས་འགོག་གི་འཁྲབ་སྦྱོང་བྱེད་སྒོ་སྤེལ།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2020-03-26   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་བ་དང་། སློབ་གྲྭའི་བབ་བསྟུན་སྔོན་ཇུས་ཀྱི་ཚན་རིག་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལ་ཇེ་ལེགས་སུ་གཏོང་བ་དང་། སློབ་གྲྭ་ཚོགས་རྗེས་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ། སློབ་གྲྭའི་དགེ་སློབ་དང་ལས་བཟོ་བ་ཡོངས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་ཏན་ཏིག་བཅས་བྱ་ཆེད། ཟླ་3ཚེས་25ཉིན་གྱི་ཕྱི་དྲོར། རྫོང་སློབ་གསོ་ཅུས་ཀྱིས་སྣེ་ཁྲིད་དེ་སློབ་གྲྭ་ཚོགས་རྗེས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བབ་བསྟུན་འཁྲབ་སྦྱོང་ཧུང་ཡོན་རྫོང་གྲོང་རྡལ་སློབ་ཆུང་དུ་མགོ་ཚུགས་པ་རེད།

         འཁྲབ་སྦྱོང་གི་མགོ་ཚུགས་རྗེས། སློབ་མ་ཚང་མས་ལག་ཏུ་བདེ་ཐང་དཔང་ཡིག་འཁྱེར་ནས་འཛིན་གྲྭའི་འཛིན་བདག་དགེ་རྒན་གྱི་ཁྲིད་སྟོན་འོག་དམར་ཕྱིའི་འོད་ཐིག་གི་དྲོད་ཚད་དཔྱད་ཆས་སུ་བཅར་ནས་གཟུགས་པོའི་དྲོད་ཚད་ཞིབ་དཔྱད་ཚད་ལེན་དང་ཐོ་འགོད་བྱས་རྗེས་གོ་རིམ་ལྡན་པའི་ངང་སློབ་གྲྭར་བསྐྱོད། སློབ་མའི་ལུས་དྲོད་རྒྱུན་ལྡན་མིན་པ་རྣམས་ལ་བསྐྱར་དུ་ལུས་དྲོད་འཇལ། སྔར་བཞིན་ལུས་དྲོད་རྒྱུན་ལྡན་མིན་པ་སོགས་བྱུང་ན། སློབ་གྲྭས་མྱུར་དུ་བབ་བསྟུན་སྔོན་ཇུས་ལག་བསྟར་བྱེད་པ་དང་། རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ལ་བརྡ་སྦྱོར་འབྱོར་རྗེས། མྱུར་དུ་དཔེ་ལེན་ཞིབ་བཤེར་མི་སྣ་རྩ་འཛུགས་བྱེད་པ་དང་། དུག་སེལ་མི་སྣ་དུས་ལྟར་ཡུལ་དངོས་སུ་ཐོན་ནས་དུག་སེལ་བྱ་བ་བསྒྲུབས། རྫོང་མི་དམངས་སྨན་ཁང་གིས་འཕྲལ་མར་མྱུར་སྐྱོབ་རླངས་འཁོར་བཏང་བ་དང་། སློབ་གྲྭ་དེར་ཚ་རྒྱས་པ་དང་། ཐང་ཆད་པ། ལུད་པ་ལུ་བ་བཅས་ཀྱི་ནད་རྟགས་ཐོན་པའི་སློབ་མ་རྫོང་སྨན་ཁང་དུ་བསྐྱོད་དེ་ཞིབ་བཤེར་བྱེད་པ་དང་། རྫོང་ནད་ཡམས་ལྟེ་གནས་ཀྱིས་སློབ་མའི་ཉལ་ཁང་དང་། སློབ་ཁྲིད་ཐོག་ཁང་། རྫོང་མི་དམངས་སྨན་ཁང་བཅས་སུ་དུག་སེལ་བྱས།

        ད་ཐེངས་འཁྲབ་སྦྱོང་བྱས་པ་བརྒྱུད་དེ་ཧུང་ཡོན་རྫོང་གི་སློབ་གྲྭའི་རིམས་ནད་བབ་བསྟུན་ཐག་གཅོད་ཀྱི་བརྒྱུད་རིམ་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། བབ་བསྟུན་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་སྟེ། སློབ་གྲྭ་ཚོགས་རྗེས་དགེ་སློབ་དང་ལས་བཟོ་བ་ཡོངས་ཀྱི་བདེ་ཐང་ལ་ཁག་ཐེག་བྱས་སོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།