ཀྲུང་གོས་དབྱི་ཐ་ལིར་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཆུང་གསུམ་པ་མངགས་པ།

རྩོམ་པ་པོ།   འོད་གསལ་མཚོས་བསྒྱུར་སྒྲིག་བྱས།དུས་ཚོད།   2020-03-26   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          སི་ཁྲོན་ལྟ་ཞིབ་ཞེས་པའི་འཕྲིན་སྟེགས་ལས་ཤེས་པ་ལྟར་ན། ཟླ་3ཚེས་25ཉིན་གྱི་སྔ་དྲོར།ཀྲུང་གོའི་ཆེད་མཁས་པ་14ལས་གྲུབ་པའི་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཆུང་གསུམ་པ་ཧྥུ་ཅན་ཞིང་ཆེན་གྱི་ཧྥུ་ཀྲོའུ་གྲོང་ཁྱེར་ནས་གནམ་གྲུར་བསྡད་དེ་དབྱི་ཐ་ལིའི་སྨི་ལན་དུ་འབྱོར་མ་ཐག དབྱི་ཐ་ལིའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཀར་ཞུགས་ཏེ་ས་གནས་དེའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཡང་བསྐྱར་རྒྱབ་སྐྱོར་བྱས།

        ད་ཐེངས་ཀྱི་སྨན་བཅོས་རོགས་སྐྱོར་ནང་ཞུགས་པའི་ཆེད་མཁས་པ་རྣམས་ནི་ཧྥུའུ་ཅན་ཞིང་ཆེན་གྱི་གཞུང་གཉེར་སྨན་ཁང་དང་།ཧྥུའུ་ཅན་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས། ཕུའུ་ཀྲོའུ་གློ་ནད་ཆེད་ལས་སྨན་ཁང་། ཧྥུའུ་ཅན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་སོགས་ཀྱི་ཚན་ཁག་གི་ཆེད་ལས་སེམས་ཁམས་དང་ཁྲག་རྩའི་ཁོག་ནད། འགོས་ནད་དང་ཀྲུང་ལུགས་གསོ་རིག་སོགས་ཀྱི་སྨན་པ་རྣམས་ཡིན། ཧྥུའུ་ཅན་ཞིང་ཆེན་གྱི་གཞུང་གཉེར་སྨན་ཁང་གི་སྨན་རམས་པ་ཀུའོ་ཡན་སུང་གིས་ཆེད་མཁས་ཚན་ཆུང་གི་ཙུའུ་ཀྲང་གི་འགན་འཁུར་ཡོད།

         ཆེད་མཁས་ཚན་ཆུང་གིས་ད་དུང་དབུགས་ལེན་འཕྲུལ་ཆས་30དང་ལྟ་སྐྱོང་ཡོ་བྱད་20།འགོག་སྲུང་གྱོན་ཆས་3000དང་N95ཁ་རས་ཁྲི་2། ཀྲུང་ལུགས་སྨན་རྫས་སོགས་ས་གནས་དེར་མཁོ་བའི་སྨན་བཅོས་དངོས་རྫས་ཁྱེར་ཡོད།

         ཤེས་རྟོགས་བྱུང་བ་ལྟར་ན། དབྱི་ཐ་ལིར་བསྐྱོད་པའི་ཀྲུང་གོའི་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཆུང་གསུམ་པའི་ལས་འགན་གཙོ་བོ་ནི་ས་གནས་དེའི་སྨན་ཁང་གི་ཆེད་མཁས་པ་དང་ཉམས་མྱོང་སྤེལ་རེས་དང་ཀྲུང་གོའི་རིམས་ནད་སྔོན་འགོག་གི་ཉམས་མྱོང་ངོ་སྤྲོད་བྱ་རྒྱུ་དང་། དབྱི་ཐ་ལིའི་གནས་ཚུལ་དངོས་ལ་གཞིགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ནད་བརྟག་སྨན་བཅོས་ཀྱི་གྲོས་གཞི་འདོན་རྒྱུ་དང་། དབྱི་ཐ་ལིའི་ཀྲུང་གོའི་མ་འཇོག་སྒྲིག་གཞི་དང་། ཀྲུང་གོའི་ཕྱིར་སྡོད་རང་མི། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་བཅས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་རིག་ཁྱབ་གདལ་སློབ་གསོ་དང་སྔོན་འགོག་ཚོད་འཛིན་དྲིལ་སྒྲོག་དང་འགོག་སྲུང་དངོས་རྫས་དང་ཀྲུང་ལུགས་སྨན་རྫས་སྤྲོད་དགོས་པར་མ་ཟད། ས་གནས་དེའི་བཅའ་ཁྲིམས་དང་ཁྲིམས་སྲོལ། ཞིབ་ཕྲའི་གནས་ཚུལ་སོགས་ལ་གཞིགས་ནས་སྨན་བཅོས་ལ་མཛུབ་ཁྲིད་དང་རོགས་རམ་བྱ་རྒྱུ་དེ་ཡིན།

         ད་ལོའི་ཟླ་3པ་ནས་བཟུང་།ཀྲུང་གོས་སྔ་ཕྱིར་སྨན་བཅོས་ཆེད་མཁས་ཚན་ཆུང་གཉིས་ཀྱི་ཆེད་མཁས་པ་22མངགས་ནས་སྨན་བཅོས་དངོས་རྫས་ཏུན་20ལྷག་ཁྱེར་ཏེ་དབྱི་ཐ་ལིར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཐད་རོགས་སྐྱོར་བྱས་སོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།