སླར་ཡང་ཆུང་འདྲིས་ལ་བལྟས་པ།

རྩོམ་པ་པོ།   འབྲོག་ཀློའུ་སྒྲོལ་རྡོ། དུས་ཚོད།   2020-03-26   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

བརྩེ་བས་བསླས་པའི་མགོ་རྒྱན་ལྡ་མ་ལྡེམ།།

རྩིག་པའི་གཞིས་ཀ་གྲུ་བཞི་ལྷ་མ་ལྷུན།།

ན་འདམ་ནང་གི་བརྩེ་བ་ན་མ་ནེམ།།

ན་ཆུང་དུས་ཀྱི་འུ་གཉིས་དགོད་མ་འཛུམ།།

རྩེད་ར་ཆུང་ཆུང་མེ་ཏོག་ཁྲ་ལམ་ལམ།།

རྡོ་ར་གོར་གོར་དགའ་འཛུམ་གྱི་ལི་ལི།།

རྩེད་གྲོགས་ཆུང་ཆུང་དྲི་བསུང་ཡ་ལ་ལ།།

ན་ཆུང་དུས་ཀྱི་འུ་གཉིས་དགའ་ལྷང་ལྷང་།།

སེམས་པ་ཆུ་མོའི་རྫིང་ན་ཉི་ལི་ལི།།

དྲན་པ་མིག་ཟུང་ཀློང་ན་སྔོ་ལྟེམས་ལྟེམས།།

དགའ་སྐྱོ་འཚུབ་མའི་འགྲོས་ན་གཉོམ་དུང་དུང་།།

ན་ཆུང་དུས་ཀྱི་འུ་གཉིས་ཞེ་འགྱོད་འགྱོད།།

བརྩེ་བ་ཆུ་ལ་བཤལ་བས་འཁྱག་སིབ་སིབ།།

དུངས་བ་རླུང་ལ་བརྡལ་བས་འདར་ཀྱུག་ཀྱུག།

སྙིང་ཆུང་འཕལ་ག་འཆོལ་བས་སྨྲེང་ཤུར་ཤུར།།

ན་ཆུང་དུས་ཀྱི་འུ་གཉིས་དྲན་ལྷང་ལྷང་།།


རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།