ར་བའི་ནང་གི་ཟུར་མིག

རྩོམ་པ་པོ།   ནོར་ལྷ། དུས་ཚོད།   2020-03-26   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

འཁྱག་དར་ཞི་ཞིང་ལྷོ་རླུང་འཇམ་པོར་རྒྱུ།།

ཉི་འོད་དྲོ་ཞིང་རྩྭ་དང་རྩི་མགོ་འབུས།།

ས་ཆུ་དྲོས་པའི་དཔྱིད་ཁ་ར་སྐོར་ནང་།།

མ་བསམས་ཟུར་མིག་ཕྲ་མོས་ཉག་ཕྲན་ཞིག།

བདག་གི་སྙིང་ཆུང་སྤང་གི་སྟེང་དུ་ཟུག།

ཞལ་མདོག་ཟླ་བ་ལྟ་བུར་དཀར་ཞིང་འཇམ།།

སྨིན་འོག་མིག་ཟུང་སྐར་མདའ་གཡོ་བ་བཞིན།།

མཁྲེངས་རྒྱས་ནུ་མ་འབུར་བའི་འཇམ་ཤ་ལ།།

དལ་ཞིང་ལག་པ་ལྷོད་པོས་རེག་བཞིན་དུ།།

བརྩེ་བ་མངར་མོའི་འོ་ཞིག་བྱེད་པར་འདོད།།

མཛེས་པའི་ཕྲ་ལྡེམ་ལུས་ཀྱི་རྐང་སྟབས་ནི།།

ཡིད་འོངས་མེ་ཏོག་རླུང་བུས་གཡོ་བ་འདྲ།།

མ་བཅོས་སྨིན་མའི་འོག་གི་འཛུམ་ཆུང་ནི།།

སུས་ཀྱང་མ་ཁུགས་གསེར་སྲང་ཁྲི་ཡི་རིན།།

ང་རང་གཉིད་ནས་འཕྲད་དམ་འཁྲུལ་ནས་ཐུག།

ཕྱིར་མིག་ཅེར་ཞིང་འབྱེད་འཛུམ་འོར་གྱིས་བལྟས།།

བིལ་བའི་མཆུ་ཅན་སྲབ་མཉེན་ལྕེ་རྩེ་དམར།།

སོ་འཕྲེང་དཀར་བོའི་གསེང་གི་གཏམ་སྙན་དང་།།

གནག་སྣུམ་ལན་བུའི་སྲུབས་ཀྱི་ཟུར་མིག་དེས།།

ང་ཡི་སྙིང་གི་གཤོག་པ་མཁའ་ལ་སྤུར།།

ཉི་མ་ཟླ་བ་འོད་ཀྱི་བདག་པོ་བཞིན།།

དཔའ་བོ་ཆིག་ཐུབ་ནད་ཀྱི་གཉེན་པོ་བཞིན།།

ཁོ་མོ་རང་སེམས་མཚོ་མོའི་ཆུ་གཉེར་ལ།།

རླབས་ཀྱིས་ཁྱེར་བའི་གསེར་གྱི་གཡོར་གྲུ་ཞིག།

སུ་ཡིས་མ་མངགས་ལས་ཀྱིས་ང་ལ་བསྐྱལ།།

ན་ཚོད་རྒས་རུང་བློ་སྟོབས་མ་རྒྱས་པས།།

བསམ་མ་ཤེས་པའི་སྣང་ཚུལ་སྐྱ་མོ་ཡིས།།

ཤ་འཇམ་ཞལ་ངོ་ཡག་པོ་མཐོང་བ་ན།།

སྙིང་དང་ཀླད་པ་བོར་བའི་མགོ་སྟོང་ལ།།

དགའ་སྤྲོའི་ཚོར་བ་དྲག་ནས་དྲག་ཏུ་འཕྱུར།།

སྤྱིར་ན་འཇིག་རྟེན་ལུགས་ཀྱི་བརྩེ་བ་འདིར།།

ཆགས་པའི་ཟ་འཕྲུག་ཆེས་ཆེར་ལངས་ན་ཡང་།།

རང་ཁ་སྨྲ་ལྕེ་རྒོད་པོས་མ་འཇོན་ན།།

ཕྱི་འགྱོད་སྐྱོ་སྣང་སྐྱུར་མོའི་བཟི་ཁ་ལས།།།

བྱུ་རུའི་མདོག་ཅན་འགྲམ་ཆུང་འཐོབ་པར་དཀའ།།

སྐད་ཅིག་འཕྲད་པའི་དུས་ཚོད་ཐུང་ཐུང་དུ།།

བྱང་ཁོག་སྟོད་དུ་གཅོང་བའི་བུ་མོ་ཁྱོད།།

མི་ཡུལ་ཞིང་ཁམས་གང་ནས་བྱོན་པ་ཡིན།།

ཁྱོད་ལ་འོ་མ་ལྟ་བུའི་སེམས་ཡོད་ན།།

བདག་གི་སེམས་རྩ་སྙི་མོར་ནེམ་ཞིག་ཐོབ།།

དཔྱིད་ཁ་མེ་ཏོག་བཞད་འདྲའི་འཛུམ་ཞལ་ལས།།

དཔྱིད་ཁའི་བུ་མོས་ཟུར་མིག་ང་ལ་སྐྱིད།།

དཔྱིད་མགོའི་ཆར་ཟིམ་ནང་གི་འཇོལ་མོ་ངས།།

དཔྱིད་ཀྱི་ལྗང་སྨྱུག་ལྟ་བུའི་སྙན་ངག་ཅིག།

དཔྱིད་དཔལ་བུ་མོའི་མཛེས་པའི་རྒྱན་དུ་འབུལ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།