རྔ་བ་རྫོང་གིས་གཟན་རྩྭ་ཏུན་610རིན་མ་བླངས་པར་ཕྱུགས་བདག་ཚོ་ལ་སྤྲད།

རྩོམ་པ་པོ།   གསང་བདག་སྒྲོལ་མ།དུས་ཚོད།   2020-03-26   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       ཉེ་ཆར། རྔ་བ་རྫོང་གིས་གཟན་རྩྭ་ཏུན་610རིན་མ་བླངས་པར་ཡུལ་གྲོང་སོ་སོའི་འབྲོག་པ་ཚོ་ལ་སྤྲད་ཅིང་། ནུས་ཤུགས་ཡོད་རྒུས་ཟོག་ལུག་དཔྱིད་དུས་ཀྱི་སྐབས་ཤ་རིད་པ་དང་། འཁྱགས་ཐེབས་པ། གཟན་ཆས་དཀོན་པ་བཅས་ཀྱི་གནད་དོན་བསལ།

       ད་ལོའི་ཟླ་3པ་ནས་བཟུང་། རྔ་བ་རྫོང་དུ་ཁ་བ་ཆེན་པོ་ཐེངས་གཉིས་བབས་ཤིང་། དྲོད་ཚད་ཇེ་དམའ་རུ་ཕྱིན་པས་ཕྱུགས་ལས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད། རྔ་བ་རྫོང་གིས་དུས་ཐོག་ཏུ་མཁོ་བསྟུན་སྔོན་ཇུས་ལག་བསྟར་བྱས་ནས་ད་ལོའི་ལོ་མགོར་གྲབས་གསོག་བྱས་པའི་གཟན་རྩྭ་རིན་མ་བླངས་པར་འབྲོག་པ་མང་ཚོགས་ལ་སྤྲད།

       རྔ་བ་རྫོང་རྨེ་སྐོར་ཡུལ་ཚོ་རག་རྩ་གྲོང་སྡེའི་ཀྲུའུ་རེན་དར་རྒྱས་ཀྱིས། རིམས་འགོག་གི་སྐབས་སུ་ཉིན་བསྟུད་མར་ཁ་བ་ཆེན་པོ་བབས་པས་གྲོང་སྡེ་ཡི་ནོར་གནག་འགའ་ལ་ཉིན་གཉིས་གསུམ་ཙམ་ལ་ལྟོ་ཆས་བཟའ་རྒྱུ་མེད་པས་གཟན་རྩྭ་འདི་དུས་ཐོག་ཏུ་མང་ཚོགས་ལ་སྤྲད་པས་ལྟོགས་པའི་དུས་ཀྱི་ཟས་དང་གྲང་བའི་དུས་ཀྱི་གོས་ལྟ་བུར་གྱུར་ཡོད་ཅེས་བཤད།

       རྒྱུས་ལོན་པ་ལྟར་ན། རྔ་བ་རྫོང་གིས་ལོ་རེར་མཁོ་བསྟུན་གཟན་རྩྭ་གྲབས་གསོག་བྱས་ཡོད་ལ། ནུས་ལྡན་གྱིས་ཕྱུགས་རིགས་ལ་གཟན་རྩྭ་དཀོན་པས་འཆི་རྐྱེན་ཐག་གཅོད་བྱ་ཐུབ་པར་མ་ཟད། མང་ཚོགས་ཀྱི་གྱོང་གུད་ཀྱང་ཇེ་དམའ་རུ་གཏོང་ཐུབ། རྫོང་ཚན་རྩལ་ཞིང་ལས་ཆུ་གསོག་ཅུས་ཀྱི་ལག་རྩལ་མི་སྣས་གཟན་རྩྭ་སྤྲོད་སྐབས་མང་ཚོགས་ལ་ཕྱུགས་རིགས་གསོ་ཚགས་བྱེད་ཐབས་གསལ་འགྲེལ་བྱས་པ་དང་། འབྲོག་པ་མང་ཚོགས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་རིགས་གསོ་ཚགས་བྱ་རྒྱུར་ཁྲིད་སྟོན་བྱས་སོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།