མཛོད་དགེ་རྫོང་གི་སྨན་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་རིམས་འགོག་ལ་ནུས་ཤུགས་ཕུལ།

རྩོམ་པ་པོ།   གསང་བདག་སྒྲོལ་མ།དུས་ཚོད།   2020-03-26   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་འགན་ལེན་ཆེད་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ནད་ཡམས་འགོག་བཅོས་ཀྱི་ལེགས་ཆ་གང་ལེགས་འདོན་ཆེད། ཆོས་རྗེ་ཡུལ་ཚོ་ཡི་བོད་ལུགས་གསོ་རིག་གི་རྒྱུད་འཛིན་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་མ་དངུལ་སྒོར་ཁྲི་40ལྷག་བཏོན་ནས་མི་སེར་ལ་ཏོག་གསར་གློ་ཚད་སྔོན་འགོག་བྱེད་ཀྱིན་ཡོད་ལ། རིམ་རྩིས་བྱས་ན་སྨན་ཁུག་26000སྤྲད་ཟིན། དེས་མཛོད་དགེ་རྫོང་གི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པར་ནུས་ཤུགས་ཕུལ།

        བཀྲ་ཤིས་ཕུན་ཚོགས་ནི་མཛོད་དགེ་རྫོང་གི་བོད་ལུགས་གསོ་རིག་གི་རྒྱུད་འཛིན་པ་ཞིག་ཡིན་ལ། ཏོག་གསར་གློ་ཚད་ཀྱི་རིམས་ནད་འདི་བྱུང་བ་ནས་བཟུང་། ཁོང་གིས་དངོས་སུ་བོད་སྨན་སྡེབ་སྦྱོར་གནང་ཞིང་། ལོ་མང་བོར་གསོག་འཇོག་བྱས་པའི་སྨན་རྫས་རྩ་ཆེན་གླ་རྩི་དང་། བ་གུ། གུར་ཀུམ། གུ་གུལ། བོང་ང་སོགས་སྨན་རྫས་རྩ་ཆེན་དགུ་ལྷག་ཡོད། རང་མོས་ངང་ས་གནས་ཀྱི་སྨན་པ་བཅུ་ལྷག་རྩ་འཛུགས་བྱས་ཏེ་སྨན་ཁུག་བཟོས་པ་དང་། ཉིན་མཚན་མེད་པར་འབད་པ་བྱས་པ་བརྒྱུད་རིམས་འགོག་གི་སྨན་ཁུག་ནག་པོ་དགུ་འཇོམས་བཟོས་ཟིན་ལ། དུས་ཐོག་ཏུ་རིན་མི་ལེན་པར་མང་ཚོགས་ལ་སྤྲད།

       བཀྲ་ཤིས་ཕུན་ཚོགས་ཀྱིས། ཏོག་གསར་གློ་ཚད་ཀྱི་རིམས་ནད་འདི་བྱུང་བ་ནས་བཟུང་། སྤྱི་ཟླ་དང་པོའི་ཚེས་2ཉིན་ནས་བཟུང་། ངས་བོད་ལུགས་གསོ་རིག་གི་སྨན་གཞུང་རྒྱུད་བཞི་ལ་གཞིགས་ནས་རིམས་འགོག་གི་སྨན་ཁུག་ནག་པོ་དགུ་འཇོམས་བཟོས་ཤིང་མང་ཚོགས་ལ་སྤྲད་པ་དང་། སྨན་ཁུག་ཆ་ཤས་ཁྲེང་ཏུའུ་གྲོང་ཁྱེར་དུ་བསྐྱལ་ཏེ་རང་ནུས་ཅི་ལྕོགས་ཀྱིས་རང་གི་ནུས་ཤུགས་ཕུལ་ཞེས་བཤད།

       ཆོས་རྗེ་ཡུལ་ཚོ་གྲོང་མི་ཚེ་རིང་སྐྱབས་ཀྱིས། དེ་རིང་ཡང་བསྐྱར་སྨན་ཁུག་ལ། སྒོར་མོ་གཅིག་ཀྱང་མ་བྱིན་པར་བླངས་ཡོད། སྨན་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ནད་པ་དག་ལ་ནུས་ཤུགས་ཕུལ་ཡོད་ཅེས་བཤད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།