ཁུལ་ཡོངས་ཀྱི་དབུལ་བྲལ་གྲུབ་འབྲས་སྲ་གཏོང་དང་འབྱོར་འབྲིང་སྤྱི་ཚོགས་ཀུན་ནས་འགྲུབ་པར་བྱེད་པའི་བརྙན་ལམ་གྲོས་ཚོགས་འཚོགས།

རྩོམ་པ་པོ།   རྡོ་རྗེ་དཔལ་གྱིས་བསྒྱུར།དུས་ཚོད།   2020-03-26   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       ཟླ་3ཚེས་24ཉིན། ཁུལ་ཡོངས་ཀྱི་དབུལ་བྲལ་གྲུབ་འབྲས་སྲ་གཏོང་དང་འབྱོར་འབྲིང་སྤྱི་ཚོགས་ཀུན་ནས་འགྲུབ་པར་བྱེད་པའི་བརྙན་ལམ་གྲོས་ཚོགས་འབར་ཁམས་སུ་འཚོགས ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གྲོས་ཚོགས་སུ་ཕེབས་ཤིང་གསུང་བཤད་གནང་། ཁོང་གིས་ས་ཁོངས་རང་བཞིན་གྱི་དབུལ་ཕོངས་རྩ་བ་ནས་བསལ་ཏེ་འབྱོར་འབྲིང་སྤྱི་ཚོགས་སྤུས་ཚད་བཟང་བོས་ཀུན་ནས་འགྲུབ་པར་བྱེད་པ་ནི། ང་ཚོས་ཏང་ཀྲུང་དབྱང་དང་ཞིང་ཨུ་ལ་ཕུལ་བའི་དམག་བཀའ་དང་ལེན་ཞུ་ཡིག་ཅིག་ཡིན་ལ། ཁུལ་ཡོངས་ཀྱི་མི་དམངས་ལ་བཞག་པའི་དམ་བཅའ་ཡང་ཡིན། ཁུལ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་དབུལ་སྐྱོར་ལས་དོན་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་དབུལ་བྲལ་གནད་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བཞུགས་མོལ་ཚོགས་འདུ་དང་ཞིང་ཆེན་གྱི་དབུལ་བྲལ་གནད་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་སྐུལ་འདེད་ཚོགས་འདུ། དེ་མིན་ཞིང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་རང་ཁུལ་དུ་ཕེབས་སྐབས་གནང་བའི་རྟོག་ཞིབ་མཛུབ་སྟོན་གྱི་བླང་བྱ་བཅས་ཕྱོགས་ཀུན་ནས་ལག་ལེན་བྱས་ཏེ། དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་སྲ་གཏོང་དང་འབྱོར་འབྲིང་སྤྱི་ཚོགས་ཀུན་ནས་འགྲུབ་པར་བྱེད་པའི་ལས་དོན་སོ་སོ་སླར་ཡང་ཞིབ་འཇུག་དང་བཀོད་སྒྲིག དོན་འཁྱོལ་བཅས་བྱེད་དགོས་ཤིང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་གནོད་འཚེ་བསལ་ནས་དབུལ་བྲལ་གནད་སྒྲོལ་སྲ་གཏོང་ལ་བརྩོན་པ་བསྐྱེད་དེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཀུན་ནས་ལེགས་འགྲུབ་ཐུབ་པ་འགན་ལེན་དགོས་ཞེས་ནན་གྱིས་བསྟན།

         ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཀུའུ་ཡུན་ལུང་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཝེ་གོ་དང་ཝུའུ་ལི་ཡན་བཅས་གྲོས་ཚོགས་སུ་ཞུགས་ཡོད།

        ཧྲུའུ་ཅི་ལིའུ་ཕིང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་གྱུར་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ཞིང་ཨུའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་དང་ཤར་ནུབ་མཉམ་འབྲེལ་དབུལ་སྐྱོར། ཞིང་ཆེན་ནང་ཁུལ་གྱི་རིགས་མཐུན་རོགས་སྐྱོར་ས་ཁུལ་གྱི་རོགས་སྐྱོར་འོག སྐབས་དུ་མའི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྔ་ཁུལ་གྱི་མི་དམངས་ལ་མཐུན་སྒྲིལ་ངང་སྣེ་ཁྲིད་བྱས་ཏེ། འབད་བརྩོན་ལྷོད་མེད་སྒོས་མདུན་ནས་མདུན་དུ་བསྐྱོད་དེ། ཁུལ་ཡོངས་སུ་རིམ་རྩིས་བྱས་ན་མི་གྲངས་ཁྲི་10.34དབུལ་ཕོངས་ལས་ཐར་བ་དང་། གྲོང་སྡེ་606དབུལ་སྡེ་ལས་ཐར་བ། དབུལ་རྫོང(གྲོང་ཁྱེར)13གྱི་དབུལ་ཞྭ་ཕུད་པས། ལོ་གཅིག་གི་སྔོན་ནས་དབུལ་ཞྭ་འབུད་པའི་དམིགསའ་འབེན་ལས་འགན་ལེགས་པར་བསྒྲུབས་ཡོད། ཁུལ་ཡོངས་ཀྱི་ཚོགས་པ་5དང་མི་སྒེར་14ལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དབུལ་བྲལ་གནད་སྒྲོལ་གྱི་བྱ་དགའ་ཐོབ་ཡོད་ལ། འབྱོར་འབྲིང་སྤྱི་ཚོགས་ཀུན་ནས་འགྲུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད།

         ཁོང་གིས་2020ལོ་ནི་དབུལ་བྲལ་གནད་སྒྲོལ་མཇུག་སྡུད་པའི་ལོ་དང་འབྱོར་འབྲིང་སྤྱི་ཚོགས་ཀུན་ནས་འགྲུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ། ལོ་བརྒྱའི་འབད་བརྩོན་དམིགས་འབེན་དང་བོ་འགྲུབ་པར་བྱེད་པའི་ལོ་བཅས་ཡིན་པས། འགོ་ཁྲིད་རྩ་འཛུགས་ལ་སྔར་བས་ཤུགས་སྣོན་པ་དང་རིམ་པ་བཞིན་དུ་ལས་འགན་ནན་བསྒྲུབ། མུ་མཐུད་དུ་སྤྱོད་ལམ་ལེགས་སུ་བཅོས་དགོས་ཤིང་། དབུལ་སྐྱོར་ཕྱོགས་སྡོམ་དྲིལ་སྒྲོག་ལེགས་པོར་བྱེད་པ་དང་། དབུལ་བྲལ་གྲུབ་འབྲས་སྲ་གཏོང་དང་འབྱོར་འབྲིང་སྤྱི་ཚོགས་ཀུན་ནས་འགྲུབ་པར་མཐའ་མའི་རྒྱལ་ཁ་ལེན་པར་གང་ནུས་ཀྱིས་བརྩོན་པ་བསྐྱེད་དེ། ཀྲུང་དབྱང་དང་། ཞིང་ཨུ། ཁུལ་ཡོངས་ཀྱི་མི་གྲངས་ཁྲི་94ལ་རྒྱུགས་ལན་ཚད་ལྡན་ཞིག་གདབ་དགོས་ཞེས་ནན་གྱིས་གསུངས།

         གྲོས་ཚོགས་ནི་བརྙན་འཕྲིན་ཁ་པར་གྱི་ལམ་ནས་འཚོགས་པ་ཡིན་ལ། རྫོང་ཁག(གྲོང་ཁྱེར)སོ་སོ་དང་ཝོ་ལུང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ཡན་ལག་ཚོགས་ར་བཙུགས་ཤིང་། ཁྲོ་ཆུ་རྫོང་དང་འཛམ་ཐང་རྫོང་། བཙན་ལྷ་རྫོང་ཞིན་ཆའོ་ཡུལ་ཚོ། རྔ་བ་རྫོང་རྒྱ་སྟོད་ཡུལ་ཚོ། ཆུ་ཆེན་རྫོང་ལིག་ཝེར་གྲོང་རྡལ་ཀུམ་ཉོའུ་གྲོང་སྡེ། མའོ་རྫོང་ཝའེ་མོན་གྲོང་རྡལ་ཏེ་ཧྲེང་གྲོང་སྡེ་བཅས་ཀྱི་འགན་ཁུར་བས་བརྙན་ལམ་བརྒྱུད་ནས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་པ་རེད།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།