རྔ་བ་རྫོང་བོད་ཡིག་སློབ་འབྲིང་གིས་སློབ་མ་ཚོར་སློབ་དེབ་བསྐྱལ།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2020-03-26   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           ཟླ་3ཚེས་24ཉིན། རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན་ཚོས་གྲང་ངར་དང་དཀའ་ངལ་ལ་མ་འཛེམས་པར་སློབ་སྦྱོང་གི་རྒྱུ་ཆ་ཆོས་རྗེ་མ་ཡུལ་ཚོར་བསྐྱལ། ཆོས་རྗེ་མ་ཡུལ་ཚོ་ནི་རྔ་བ་རྫོང་གི་བྱང་རྒྱུད་དུ་གནས་པ་དང་སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ཡིན་པས་འགྲུལ་ལམ་སྟབས་བདེ་མིན། དགེ་རྒན་ཚོས་དངོས་སུ་སློབ་དེབ་འདིར་བསྐྱལ་ཡོང་བ་བསམ་མ་སོང་། ངེད་ཚང་གི་བུ་དམའ་གསུམ་ལ་ཐོན་ཡོད། སློབ་སྦྱོང་ལ་འཐུས་ཤོར་དུ་འགྲོ་མི་རུང་བའི་དུས་ཡིན། དགེ་རྒན་རྣམ་པར་བཀའ་དྲིན་ཆེ་ཞེས་སློབ་མའི་ཁྱིམ་བདག་ཆོས་པོ་ཡིས་གསར་འགོད་པར་བཤད།

          མིག་སྔར། རྔ་བ་རྫོང་གིས་དྲྭ་ཐོག་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད། དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མའི་སློབ་དེབ་དང་བསྐྱར་སྦྱོང་རྒྱུ་ཆ་དཀོན་པའི་གནས་ཚུལ་ལ་དམིགས་ནས། སློབ་གྲྭས་སློབ་མའི་ཁ་གྲངས་ལྟར་སློབ་དེབ་མཐུན་སྦྱོར་བྱས་པར་མ་ཟད། ད་དུང་སློབ་དེབ་ཀྱི་རིགས་བཀར་ནས་ཁུག་མའི་ནང་དུ་བཅུག་སྟེ་དུག་སེལ་བྱས་རྗེས་ཡུལ་ཚོ་དང་གྲོང་རྡལ་སོ་སོར་བསྐྱལ། རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན་ཀྲེན་མིང་ཡན་གྱིས། ང་ཚོས་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཚོར་སློབ་ཚན་གཙོ་བོའི་སློབ་དེབ་དང་རྒྱུགས་ཤོག་20སྤྲད་པ་དང་འབྲེལ། ཁོང་ཚོར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་ནས། སློབ་མར་རིམས་ནད་སྔོན་འགོག་ཚོད་འཛིན་ཇི་ལྟར་བྱ་དགོས་པའི་སྐོར་ཁྲིད་སྟོན་བྱས་ཡོད་ཅེས་བཤད།

           རྒྱུས་ལོན་པ་ལྟར་ན། སློབ་དེབ་སྤྲོད་པའི་བརྒྱུད་རིམ་ཧྲིལ་པོར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་ཕྱོགས་ཡོངས་ནས་དུག་སེལ་ནན་པོ་བྱས་པ་དང་། སློབ་དེབ་ལ་ཐུམ་རྒྱག་མཁན་དགེ་རྒན་གྱི་གཟུགས་པོའི་དྲོད་ཚད་རྒྱུན་ལྡན་ཡིན་དགོས་པ་དང་ཁ་རས་གྱོན་དགོས་འདུག སློབ་དེབ་སྐྱེལ་བའི་བྱེད་སྒོ་དེས་ཁྱིམ་བདག་དང་སློབ་མ་ཚོའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། དྲྭ་ཐོག་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་བཟང་དུ་བཏང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་སྒྲོག་བྱས་པ་སོགས་ལས་གཅིག་གིས་གོ་མང་པོ་ཆོད་དོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།