ཧྭ་ཝར་ཌི་སློབ་ཆེན་གྱི་སློབ་སྤྱི་དང་ཁོང་གི་བཟའ་ཟླར་ནད་དུག་འགོས་པ།

རྩོམ་པ་པོ།   དུས་ཚོད།   2020-03-25   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

          ཚེས་24ཉིན་ཨ་རིའི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་24ཉིན་གྱི་ཆུ་ཚོད་15བར (པེ་ཅིང་གི་དུས་ཚོད་ཚེས་25ཉིན་གྱི་ཆུ་ཚོད་3པ) ཨ་རིར་ནད་གཞི་གཏན་འཁེལ་བྱས་པའི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་50206བར་མང་དུ་ཕྱིན་པ་དང་། ནད་པ་606རྐྱེན་ལམ་དུ་ཤོར་བ་རེད། 

         གྲངས་གཞི་ལྟར་ན། ཉིའུ་གཡོད་མངའ་སྡེར་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་25665ཡོད་པ་དང་། ཨ་རིའི་མངའ་སྡེ་རྣམས་ལས་ནད་པ་ཆེས་མང་ཤོས་ཡིན། ཞིན་ཙི་ཞི་མངའ་སྡེར་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་2844དང་། ཁ་ལི་ཧྥོར་ཉི་ཡ་མངའ་སྡེར་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་2267ཡོད། 

        གྲངས་གཞི་དེ་དག་ནི་སློབ་ཆེན་དེའི་ཏོག་གསར་ནད་དུག་ཞིབ་འཇུག་རྣམ་གྲངས་ཀྱིས་ཨ་རིའི་མངའ་སྡེ་སོ་སོའི་རིམས་ནད་གནས་ཚུལ་སྙན་ཞུར་སྤྱི་བསྡོམས་བྱས་ནས་ཐོབ་པ་རེད།

     ཚེས་24ཉིན། ཨ་རིའི་ཧྭ་ཝར་ཌི་སློབ་ཆེན་གྱི་སློབ་སྤྱི་རོ་ལུམ་སི་·པ་ཁོ་ཡིས། ཁོང་དང་བཟའ་ཟླ་ཨ་ཏེར་གྱི་ཏོག་གསར་ནད་དུག་ཞིབ་དཔྱད་ཚད་ལེན་བྱས་འབྲས་ཚང་མ་གདགས་གཤིས་སུ་མངོན་ཡོད་པ་བཤད།

         པ་ཁོ་ཡིས་ཧྭ་ཝར་ཌི་སློབ་ཆེན་གྱི་དགེ་རྒན་དང་ལས་བཟོར་སྤྲིངས་པའི་འཕྲིན་ཡིག་ནང་། ཁོང་བཟའ་ཚོ་གཉིས་ལ་ཚེས་22ཉིན་གློ་ལུ་བ་དང་། ཚ་བ་རྒྱག་པ། གྲང་བ། ཤ་གནད་ན་བ་སོགས་ཀྱི་ནད་རྟགས་ཐོན་ཞིང་། ཚེས་23ཉིན་ཏོག་གསར་ནད་དུག་ཞིབ་དཔྱད་ཚད་ལེན་བྱས་པ་དང་། ཚེས་24ཉིན་གྱི་ཕྱི་དྲོ་དཔྱད་འབྲས་ཤེས་རྟོགས་བྱུང་ཡོད། ཁོང་གིས་ཁོང་གཉིས་ལ་འགོས་ནད་ཅི་ལྟར་ཕོག་པ་གཏན་འཁེལ་བྱེད་མི་ཐུབ་མོད། འོན་ཀྱང་ཟླ་3ཚེས་14ཉིན་ནས་བཟུང་ཁྱིམ་དུ་ལས་ཀ་བྱས་ནས་ཕྱི་རོལ་དང་འབྲེལ་གཏུག་བྱ་རྒྱུ་ཇེ་ཉུང་དུ་བཏང་ཡོད་ཅིང་། མ་འོངས་པའི་གཟའ་འཁོར་གཉིས་ཀྱི་རིང་ལ་ཁོང་གཉིས་ཁྱིམ་དུ་ལོགས་སུ་བཀར་ནས་སྨན་བཅོས་ལུས་གསོ་བྱ་རྒྱུ་ཡིན་པ་བཤད་ཡོད།

         ཚེས་24ཉིན་《ཧྭ་ཝར་ཌི་སློབ་ཆེན་གྱི་སློབ་གྲྭའི་ཚགས་པར》ཐོག་ཧྭ་ཝར་ཌི་སློབ་ཆེན་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་གྲངས་གཞི་དྲངས་པ་ལྟར་ན། ཚེས་24ཉིན་གྱི་ཕྱི་དྲོ། ཧྭ་ཝར་ཌི་སློབ་ཆེན་གྱི་དགེ་རྒན་དང་ལས་བཟོ་18ཀྱི་ཏོག་གསར་ནད་དུག་ཞིབ་དཔྱད་ཚད་ལེན་བྱས་འབྲས་གདགས་གཤིས་སུ་མངོན་ཡོད་པ་དང་། ཟླ་འདིའི་ཟླ་སྟོད་དུ་ཧྭ་ཝར་ཌི་སློབ་ཆེན་གྱིས་དཔྱིད་ཀའི་གུང་གསེང་རྗེས་ཀྱི་སློབ་ཚན་དེ་དྲ་ལམ་སློབ་ཁྲིད་ལ་བསྒྱུར་ཡོད་པས། དཔྱིད་ཀའི་གུང་གསེང་རྗེས་སུ་སློབ་མ་ཚོ་སློབ་གྲྭར་ལོག་མི་དགོས་པའི་གྲོས་འགོ་བཏོན་པ་མ་ཟད། དངོས་གཞིའི་ཚན་ཁག་གི་སློབ་མའི་ཉལ་ཁང་སྟོང་པ་བཟོ་དགོས་པའི་བླང་བྱ་བཏོན་ཡོད། 

        པ་ཁོ་ད་ལོ་ལོ་68ལ་སླེབས་ཡོད་པ་དང་། 2018ལོ་ནས་བཟུང་ཧྭ་ཝར་ཌི་སློབ་ཆེན་གྱི་སློབ་སྤྱི་ཨང་29པའི་འགན་བཞེས་པ་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།