བཀག་རྒྱ་གྲོལ་སོང་། འདི་ནི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་ཡིན།

རྩོམ་པ་པོ།   དུས་ཚོད།   2020-03-25   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

 བཀག་རྒྱ་གྲོལ་སོང་།

            ང་ཚོས་ཉིན་བཅུ་ཕྲག་འགའི་ཉིན་སྒུག་མཚན་སྒུག་བྱས་པའི་ཉིན་མོ་དེ་གཞི་ནས་སླེབས་སོང་། ཟླ་3ཚེས་24ཉིན་གྱི་ཉིན་གུང་། ཧུའུ་པེ་ཞིང་ཆེན་གྱི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུས་ནས་བརྡ་ཐོ་སྤེལ་ཏེ། ཟླ་3ཚེས་25ཉིན་གྱི་ཆུ་ཚོད་0ནས་བཟུང་ཝུའུ་ཧན་གྲོང་ཁྱེར་ཕུད་པའི་ས་ཁུལ་དག་ཏུ་ལམ་རྒྱ་གློད་རྒྱུ་ཡིན་པ་དང་ཧུའུ་པེ་ནས་ཐོན་མཁན་ལ་བདེ་ཐང་གི་“བཤེར་རྟགས་ལྗང་ཁུ་”བཟོས་ནས་འགྲིམ་འགྲུལ་གོ་རིམ་ལྡན་པའི་ངང་སླར་གསོ་བྱ་རྒྱུ་ཡིན་པ་དང་། ཝུའུ་ཧན་གྲོང་ཁྱེར་དུའང་ཟླ་4ཚེས་8ཉིན་གྱི་ཆུ་ཚོད་0ནས་ལམ་རྒྱ་གློད་རྒྱུ་ཡིན་པ་དང་། ཕྱིར་ཐོན་མཁན་ལ་བདེ་ཐང་གི་“བཤེར་རྟགས་ལྗང་ཁུ་”བཟོས་ནས་ཕྱི་འགྲུལ་གོ་རིམ་ལྡན་པའི་ངང་སླར་གསོ་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད། 

   འདི་ནི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་ཡིན།

        འདི་ལས་ང་ཚོས་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་བྱ་གཞག་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་བླངས་ནས་བདེ་སྐྱིད་དང་དཔྱིད་དཔལ་མཉམ་དུ་བསུས་པ་མཚོན་ཡོད། རིམས་ནད་ལ་ཁ་གཏད་གཅོག་པའི་བྱ་གཞག་ལས་ཏང་ཆེན་པོ་ཞིག་གི་འགན་འཁྲི་ཁུར་ནུས་དང་། རྒྱལ་ཁབ་ཆེན་པོ་ཞིག་གི་སྟོབས་ཤུགས། མི་རིགས་ཤིག་གི་མཐུན་སྒྲིལ། མི་དམངས་དུང་ཕྱུར་14ཡི་བརྩོན་པ་དང་བརྩེ་བ་བཅས་མངོན་ཡོད་ལ། རྗེས་རབས་པ་རྣམས་ལ་རྒྱལ་ཁབ་དང་མི་རབས་ཀྱིས་འགྲན་སློང་ཆེན་པོར་ཁ་གཏད་གཅོག་པའི་དཔའ་སྟོབས་དང་ནུས་པའང་མཐོང་དུ་བཅུག་ཡོད། 

        ལོ་རྒྱུས་རང་བཞིན་གྱི་དུས་སྐབས་འདིར། ང་ཚོས་གདུང་སེམས་དང་བཅས་ད་ལོའི་དཔྱིད་ཀའི་མཚར་སྡུག་མཐོང་མ་ཐུབ་པའི་འདས་པོ་དག་ལ་མྱ་ངན་ཞུ། ང་ཚོའི་འབད་བརྩོན་གྱི་གྲུབ་འབྲས་འདི་དག་གིས་འདས་པོའི་གཉེན་ཉེ་དག་གི་སྡུག་བསྔལ་སེལ་ཐུབ་པར་སྨོན། འདིར་ང་ཚོས་རོགས་རམ་དང་ལེགས་སྐྱེས་གང་མང་ཕུལ་བའི་ཝུའུ་ཧན་མི་དམངས་དང་། ཧུའུ་པེ་ཡི་ཆེད་དུ་རྔུལ་ཆུ་གང་མང་བཏོན་མྱོང་བའི་གོས་དཀར་ལྷ་རྗེ་ཁྲི་ཕྲག་ཁ་ཤས། ལས་རིགས་ཁག་ཏུ་འབད་འཐབ་བྱེད་བཞིན་པའི་དཔའ་རྒོད་ཚོ། གྲོང་ཁྱེར་ཆེ་ཆུང་འགྲིམས་ནས་རིམས་འགོག་ལ་རམ་འདེགས་ཞུ་མཁན་ཚོ། གྲོང་ཁྱེར་འདིར་འོད་སྣང་བསྐྲུན་པའི་གྲོང་མི་དཀྱུས་མ་རྣམས་བཅས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་མ་ཟད། རང་ཉིད་རང་གི་མགོན་བྱས་ནས་སྒྲིག་ལམ་སྲུང་མཁན་དག་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རེ་བའི་འོད་སྣང་འདི་ནི་ང་ཚོ་ཚང་མས་མཉམ་དུ་བསུས་པ་ཡིན་ལ། ལོ་རྒྱུས་ཀྱིས་འདི་ཡོད་ཚད་ནམ་ཡང་བརྗེད་མི་སྲིད། 

       བཀག་རྒྱ་མཇུག་སྒྲིལ་ལ་ཉེ་བས། གྲོང་ཁྱེར་གྱི་རྣམ་པ་རིམ་བཞིན་སླར་གསོ་འབྱུང་བཞིན་ཡོད་ལ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ཡང་མི་འགྱངས་པར་རྒྱུན་ལྡན་དུ་འགྱུར་བ་དང་། སྤྱི་སྒེར་ཀུན་གྱི་སེམས་ཁམས་ཀྱང་ཇེ་ལེགས་སུ་ཕྱིན་ནས་མི་མང་པོ་ཞིག་གིས་རེ་སྒུག་བྱེད་བཞིན་པའི་གྲོང་ཁྱེར་ཁག་གི་ཟང་ཟིང་དང་འདུ་འཛིའི་རྣམ་པའང་རིམ་བཞིན་སླར་གསོ་འབྱུང་ཞིང་། ཀྲུང་གོའི་ས་གཞི་ཆེན་པོ་རེ་བས་ཁེངས་ངེས་ཡིན། ཡོངས་སུ་སླར་གསོ་ཐུབ་པར་དུས་ཚོད་ངེས་ཅན་ཞིག་དགོས་ནའང་། ཐེངས་འདིའི་རིམས་ནད་ཀྱིས་ང་ཚོར་རང་ཉིད་ལ་བསྐྱར་ཞིབ་བྱེད་པ་དང་བརྩེ་བ་ཇེ་ཟབ་ཏུ་གཏོང་བའི་གོ་སྐབས་ཤིག་བསྐྲུན་ཡོད་ལ། ང་ཚོའི་འགྲན་སློང་ལ་གདོང་གཏོད་པའི་སྙིང་སྟོབས་དང་ངེས་ཤུགས་མ་ཟད། དཀའ་སྡུག་དང་ཉེན་ཁ་སྣ་ཚོགས་སེལ་ནས་མདུན་སྐྱོད་བྱེད་པའི་ནུས་པའང་གསོ་སྐྱོང་བྱས་ཡོད། 

       མིག་སྔར། ཕྱི་ནང་གཉིས་ཀྱི་ཉེན་ཁ་སྔར་བཞིན་གནས་ཡོད་གཤིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་མུ་མཐུད་དུ་ཡག་པོར་རྒྱག་དགོས་པ་ལས་ལྷོད་གཡེང་གཏོང་རྒྱུ་མེད་ལ། ང་ཚོས་སྔར་ལས་ལེགས་པའི་རྣམ་འགྱུར་གྱིས་གཡུལ་ས་རྗེས་མར་དཔུང་འཇུག་བྱས་ནས་ཤོར་ཟིན་པའི་དུས་ཚོད་ཕྱིར་ལེན་པ་དང་མི་རིགས་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་དགོས། “ཧུའུ་པེའི་དུས་ཚོད་”དང་ཐ་ན་“ཀྲུང་གོའི་དུས་ཚོད་”དེ་རིམས་ནད་གྱི་དུས་མཚམས་རྗེས་མར་སླེབས་སྐབས་ང་ཚོའི་བློ་གྲོས་དང་སྙིང་སྟོབས་ལ་ཚོད་བགམ་ཐེབས་པའི་དཀའ་ཁག་མང་པོ་འཕྲད་སྲིད་ནའང་། ང་ཚོས་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ཡོད་དོ། །

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།