ལིས་རྫོང་པི་ཕེང་ཀོའུ་མཛེས་ལྗོངས་ཁུལ་གྱིས་བདེ་འཇགས་རིམས་འགོག་འཁྲབ་སྦྱོང་བྱས།

རྩོམ་པ་པོ།   ཚེ་དཔག་ལྷ་མོ།དུས་ཚོད།   2020-03-23   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       ཟླ་3ཚེས་21ཉིན། ལིས་རྫོང་པི་ཕེང་ཀོའུ་མཛེས་ལྗོངས་ཁུལ་གྱིས་སྒོ་ཕྱེ་པའི་ཚུལ་གྱི་བདེ་འཇགས་རིམས་འགོག་འཁྲབ་སྦྱོང་བྱས་ཏེ་མཛེས་ལྗོངས་ཁུལ་གྱི་ལས་མགོ་བསྐྱར་ཚུགས་བྱ་རྒྱུར་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཡོད།

       ཐེངས་འདིའ་འཁྲབ་སྦྱོང་གི་ནང་དོན་ནི་མཛེས་ལྗོངས་ཁུལ་དངོས་སུ་སྒོ་ཕྱེ་རྗེས་མཛེས་ལྗོངས་ཁུལ་གྱི་ལུས་དྲོད་ཚད་འཇལ་བའི་ས་ཚིགས་ནས་ཡུལ་སྐོར་བའི་ལུས་དྲོད་རྒྱུན་གཏན་ཡིན་མིན་ཤེས་རྟོགས་བྱུང་ཚེ། མཛེས་ལྗོངས་ཁུལ་གྱིས་མགྱོགས་མྱུར་སྒོས་སྡེ་ཁག་མང་པོ་དང་མཉམ་དུ་ཡང་དག་པའི་འཕྲལ་སྡོམ་ཐག་གཅོད་ལས་དོན་ཡང་དག་སྤེལ་བ་རེད། འཁྲབ་སྦྱོང་གི་དམིགས་ཡུལ་ནི་གློ་ཚད་རིམས་ནད་གསར་པ་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་མཛེས་ལྗོངས་ཁུལ་གྱི་ལས་དོན་མི་སྣའི་འགོག་སྲུང་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཛེས་ལྗོངས་ཁུལ་བསྐྱར་དུ་ལས་མགོ་བསྐྱར་ཚུགས་དང་ལས་མགོ་ཚུགས་རྗེས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་དང་མཐུན་སྦྱོར་གཞོགས་འདེགས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་མཛེས་ལྗོངས་ཁུལ་གྱི་སྒོ་ཕྱེ་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་རྒྱུ་དེ་རེད།

      ཤེས་རྟོགས་བྱུང་བར་གཞིགས་ན། ལིས་རྫོང་གི་སྣེ་འདྲེན་མཛེས་ལྗོངས་ཁུལ་གྱི་གྲས་ཤིག་ཡིན་པའི་པི་ཕེང་ཀོའུ་མཛེས་ལྗོངས་ཁུལ་གྱིས་མུ་མཐུད་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཡང་བསྐྱར་ལས་མགོ་བཟུང་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། མཛེས་ལྗོངས་ཁུལ་གྱིས་རིམས་ནད་ཐོན་པ་ནས་ཐབས་ལམ་སྣ་ཚོགས་སྤྱད་དེ་སྔ་རྗེས་སུ་མཛེས་ལྗོངས་ཁུལ་གྱི་ལས་དོན་མི་སྣར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དང་། ལས་རིགས་ཀྱི་ཀུན་སྤྱོད། ལས་རིགས་རྩལ་ནུས་གསོ་སྦྱོང་བཅས་ཐེངས་མང་བྱས་པ་མ་ཟད། དྲ་ཐོག་ཡིག་རྒྱུགས་ཀྱི་རྣམ་པའི་ཐོག་ནས་གསོ་སྦྱོང་ནང་ཞུགས་མཁན་ཚང་མར་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱས་ཡོད། ལས་དོན་མི་སྣས་ངེས་པར་དུ་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱས་ཏེ་ཚད་གཞི་ལོན་རྗེས་གཞི་ནས་ལས་གནས་སུ་ཕྱིར་ལོག་ཆོག་པ་བྱས་ཏེ། མཛེས་ལྗོངས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཤུགས་ཆེར་སོང་ཡོད། མཛེས་ལྗོངས་ཁུལ་དངོས་སུ་སྒོ་ཕྱེ་རྗེས་དྲྭ་ཐོག་ནས་མིང་ངོ་མ་བཀོད་ནས་སྤ་སེ་ཉོ་བ་དང་། ཉིན་གཅིག་གི་ཡུལ་སྐོར་བའི་གྲངས་འབོར་ཚོད་འཛིན་བྱེད་པ། ཁ་ཐོར་ངང་སྤྲོ་གསེང་ལྟ་སྐོར་བྱེད་པ། གནས་གཏན་འཁེལ་གྱིས་སྨན་བཅོས་འགན་ལེན་མཁོ་འདོན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཡུལ་སྐོར་བའི་བདེ་འཇགས་འགན་ལེན་ཏན་ཏིག་བྱ་རྒྱུ་རེད།